༄༅། །གསར་འགྱུར་དང་འབྲེལ་བའི་ལས་རིམ་ནང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མ་འོངས་ནང་པ་སངས་རྒྱས་ཀྱི་བསྟན་པ་སྲ་བརྟན་གོང་འཕེལ་སླད། རང་དབང་མང་གཙོའི་རྒྱལ་ཁབ་ནང་ཡོད་པའི་ཧི་མ་ལ་ཡའི་རི་བརྒྱུད་ཁུལ་ཀྱི་ནང་པ་ཚོར་འགན་འཁྲི་ཆེན་པོ་ཡོད་སྐོར་བཀའ་སློབ་བསྩལ་གནང་འདུག དེའི་སྐོར་གནས་ཚུལ་ཕྱོགས་སྒྲིག་ཞུས་པ་ཞིག་འདི་གའི་ལས་བྱེད་དོན་གྲུབ་རྣམ་རྒྱལ་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།།
བོད་མིའི་གཞིས་ཆགས་ཁག་གི་ནང་ཡོད་པའི་གདན་ས་དགོན་སྡེ་ཁག་ལ་ཧི་མ་ལ་ཡའི་རི་རྒྱུད་ཁུལ་གྱི་མི་རིགས་ཚོ་བཀའ་དྲིན་ཆེན་པོ་ཡིན་པ་གསུངས་འདུག
༧གོང་ས་མཆོག་གིས་ལ་དྭགས་ཁུལ་གྱི་ཞི་བའི་ཚལ་ཕོ་བྲང་ནས་ཆོས་གྲོགས་ཡོངས་ལ་འཚམས་འདྲི་དང་འབྲེལ། ༧གོང་ས་མཆོག་ལ་དྭགས་ཁུལ་གྱི་སེར་སྐྱ་མི་དམངས་དང་ཐུགས་འདྲིས་བྱུང་ནས་ལོ་མང་པོ་ཕྱིན་པ་དང་ལ་དྭགས་སུ་ཐོག་མར་ཕྱི་ལོ་ ༡༩༦༧ལོར་ཞབས་ཅག་པ་ནས་བཟུང་ད་བར་ཐེངས་མང་པོ་ཕེབས་ཡོད་པ་ལ་དྭགས་མང་ཚོགས་ཀྱིས་༧གོང་ས་མཆོག་ལ་དད་པ་དམ་ཚིག་གཡོ་བ་མེད་པར་བརྟེན་ད་རེས་སླར་ཡང་ཕེབས་རྒྱུ་བྱུང་བར་ཧ་ཅང་ཐུགས་མཉེས་པོ་བྱུང་ཞེས་བཀའ་གནང་འདུག
༧གོང་ས་མཆོག་གིས། ང་ཚོའི་བོད་མི་རྣམས་རྒྱ་གར་ལ་བཙན་བྱོལ་དུ་འབྱོར་ནས་དུས་ཚོད་ཁག་པོ་ཡོད་སྐབས་བོད་ནས་གྲྭ་རྒྱུན་ཡོང་མ་ཐུབ་པ་དང་། བྷག་སར་ཡོད་པའི་དགེ་འདུན་པ་བགྲེས་པ་རྣམས་རིམ་པས་རྫོགས་ཕྱིན་པའི་སྐབས། བཙན་བྱོལ་ནང་འཚར་ལོངས་བྱུང་བའི་གཞོན་སྐྱེས་ཁྲོད་གྲྭ་སར་ཞུགས་ནས་དཔེ་ཆ་བལྟ་མཁན་ཧ་ཅང་ཉུང་ཉུང་རེད། སྐབས་དེར་གདན་ས་དགོན་སྡེ་ཁག་ལ་སློབ་གཉེར་གྱི་རྐང་བཟུང་མཁན་དེ་ཧི་མ་ལ་ཡའི་རི་རྒྱུད་སྤྱི་དང་། ལྷག་པར་ལ་དྭགས་པ་རྣམས་ཡིན་པས་། ཁྱེད་རང་ཚོ་བོད་མིའི་གཞིས་ཆགས་ཁག་གི་ནང་ཡོད་པའི་གདན་ས་ཁག་ལ་ཆ་བཞག་ན་ཧ་ཅང་གི་བཀའ་དྲིན་ཆེན་པོ་ཡིན་ཞེས་སོགས་གསུངས་འདུག
དེ་བཞིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ནང་པ་སངས་རྒྱས་པའི་ཆོས་དེ་ཤེས་ནས་དད་པ་ཐོབ་པ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་དང། མ་འོངས་པར་སངས་རྒྱས་ཀྱི་བསྟན་པ་སྲ་བརྟན་གོང་འཕེལ་ཡག་པོ་ཡོང་རྒྱུར་མང་ཚོགས་ཁྲོད་ནས་ནང་ཆོས་ཤེས་པ་གནང་དགོས་སྤྱི་དང་། ལྷག་པར་སློབ་ཕྲུག་ཚོའི་ནང་ནས་སངས་རྒྱས་པའི་ཆོས་གང་འདྲ་ཡིན་པ་དེ་ཤེས་པ་བྱས་ཏེ་སངས་རྒྱས་ཀྱི་ཆོས་རྟོགས་ཐུབ་པའི་སྒོ་ནས་ཆོས་དད་བྱུང་ན་བསྟན་པ་མུ་མཐུད་གནས་ཀྱི་རེད་ཅེས་བཀའ་གནང་འདུག
གསར་འགོད་པ་རིག་ལྡན་སྒྲོལ་མ།
