ཉི་ཧོང་ནང་པའི་མནའ་འབྲེལ་མཐུན་ཚོགས་ཀྱིས་༧གོང་ས་མཆོག་གི་མ་འོངས་ཡང་སྲིད་དང་འབྲེལ་བའི་བསྒྲགས་གཏམ་སྤེལ།

2023.01.24
Share on WhatsApp
Share on WhatsApp
ཉི་ཧོང་ནང་པའི་མནའ་འབྲེལ་མཐུན་ཚོགས་ཀྱིས་༧གོང་ས་མཆོག་གི་མ་འོངས་ཡང་སྲིད་དང་འབྲེལ་བའི་བསྒྲགས་གཏམ་སྤེལ། ཉི་ཧོང་ནང་པའི་མནའ་འབྲེལ་མཐུན་ཚོགས་ཀྱི་སྐུ་ཚབ་དྲུང་ཆེ་མི་ཛུ་ཏ་ནི་ཨི་ཀན་(Mizutani Eikan)་ལགས་དང་། ཨི་ཏོ་ཨི་ནིན་(Itoh Einin) ལགས་རྣམ་གཉིས་ཉི་ཧོང་སྐུ་ཚབ་དོན་གཅོད་ཁང་དུ་ཕེབས་སྐབས། ༠༡།༢༤།༢༠༢༣
CTA

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་༧སྐུའི་ཡང་སྲིད་ཀྱི་གནད་དོན་ཐད། རྒྱ་ནག་གཞུང་གིས་ཐེ་བྱུས་བྱེད་དབང་མེད་པའི་སྐོར་ད་བར་འཛམ་གླིང་གི་གཞུང་དང་ཚོགས་སྡེ་ཁག་འདྲ་མིན་ནས་གྲོས་ཆོད་གཏན་འབེབས་དང་གྲོས་བསྡུར་རིམ་པར་གནང་དང་གནང་བཞིན་ཡོད་པའི་ཁྲོད། ཉེ་ལམ་ཉི་ཧོང་ནང་པའི་མནའ་འབྲེལ་མཐུན་ཚོགས་(Japanese Buddhist Conference for World Federation)་ཀྱིས། བོད་མིས་ད་ལྟའི་བར་དུ་རྒྱུད་འཛིན་བྱས་པའི་བོད་བརྒྱུད་ནང་བསྟན་གྱི་ཐུན་མོང་མ་ཡིན་པའི་༧རྒྱལ་དབང་སྐུ་ཕྲེང་ན་རིམ་གྱི་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་གཞི་བཞག་ཐོག་མ་འོངས་པའི་༧སྐུའི་ཡང་སྲིད་དེ་བོད་མི་རྣམས་ཀྱིས་ཐག་གཅོད་གནང་དགོས་པ་ལས་རྒྱ་ནག་གཞུང་གིས་ཐེ་བྱུས་བྱེད་མཚམས་འཇོག་དགོས་པ་ཡོངས་ཁྱབ་གསལ་བསྒྲགས་སྤེལ་འདུག
ཉི་ཧོང་ནང་པའི་མནའ་འབྲེལ་མཐུན་ཚོགས་ཀྱི་ཁྱབ་ཁོངས་སུ་ནང་པའི་དགོན་པ་ཆེ་ཁག་༢༠༠ཙམ་ཞིག་ཡོད་པ་མ་ཟད། འཛམ་གླིང་ཁྱོན་ཡོངས་སུ་ནང་པའི་མཐུན་ཚོགས་དེ་ཉིད་ལ་རྗེས་འབྲངས་པ་ས་ཡ་མང་པོ་ཡོད་འདུག་པ་དང་། ད་རེས་ཚོགས་པ་དེ་ཉིད་ཀྱིས་སྤེལ་བའི་བསྒྲགས་གཏམ་དེ་ནི་གཙོ་བོ་རྒྱ་ནག་གཞུང་གིས་བོད་ཀྱི་ཐུན་མོང་མ་ཡིན་པའི་བླ་སྤྲུལ་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ཐད་ཐེ་བྱུས་བྱས་པར་མཐའ་གཅིག་ཏུ་དགག་ལན་མཚོན་ཆེད་དུ་ཡིན་འདུག
གནད་དོན་དེའི་ཐད་ཉི་ཧོང་ནང་པའི་མནའ་འབྲེལ་མཐུན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་(Eithiro Mizutani)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། རྒྱ་ནག་གཞུང་གི་བཙན་བཟུང་འོག་བོད་ཀྱི་ཆོས་དང་རིག་གཞུང་སོགས་ཛ་དྲག་གི་གནས་སུ་གྱར་བའི་དུས་སྐབས་འདིར། ཉི་ཧོང་ནང་པའི་མནའ་འབྲེལ་མཐུན་ཚོགས་ཀྱི་ངོས་ནས་འདི་ལྟ་བུའི་ལས་འགུལ་སྤེལ་རྒྱུ་ནི་ཧ་ཅང་གི་གལ་འགངས་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ད་ལྟའི་རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་རྩ་གཏོར་གཏོང་རྒྱུའི་དམིགས་ཡུལ་བཟུང་སྟེ། ༧གོང་ས་ཏཱ་ལའི་བླ་མའི་སྐུའི་ཡང་སྲིད་ཐོག་ཐེ་བྱུས་བྱེད་ཀྱི་ཡོད། ང་ཚོའི་ཚོགས་པས་ད་རེས་བསྒྲགས་གཏམ་སྤེལ་བ་ནང་བཞིན་ཉི་ཧོང་གཞུང་གི་ངོས་ནས་ཀྱང་དེ་ལྟར་སྤེལ་བའི་རེ་བ་དང་ཡིད་ཆེས་ཡོད། རྒྱུ་མཚན་ནི། ༧གོང་ས་ཏཱ་ལའི་བླ་མའི་༧སྐུའི་ཡང་སྲིད་ཀྱི་གནད་དོན་ནི་འཛམ་གླིང་ཞི་བདེ་དང་འབྲེལ་བ་ཡོད་པ་འགྲེལ་བརྗོད་གནང་བྱུང་།

Rev-Mizutani-Eikan-handing-over-the-statement-to-Representative-Dr.-Arya.jpg
གཞི་རྩའི་ཆ་ནས་སྤྱི་ལོ་༢༠༠༧ལོར་རྒྱ་ནག་གཞུང་གིས་བླ་སྤྲུལ་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་དང་འབྲེལ་བའི་ཡིག་ཆ་ཨང་༥པ་ཞེས་པའི་ཁྲིམས་ཡིག་ཤིག་གསལ་བསྒྲགས་བྱས་ཏེ། བླ་སྤྲུལ་ཡང་སྲིད་ངོས་འཛིན་གྱི་མཐའ་མའི་ཐག་གཅོད་དེ་རྒྱ་ནག་གཞུང་གིས་ཐག་གཅོད་བྱེད་རྒྱུ་ཡིན་པ་བསྒྲགས་ཡོད་པ་མ་ཟད། ཁ་སྔོན་༢༠༢༣ཤར་མ་ཐག་ཏུ་རྒྱ་ནག་གི་གཞུང་འབྲེལ་གསར་ལམ་སྟེ། གོ་ལའི་དུས་བབ་(Global Times)་ཞེས་པས་གནས་ཚུལ་སྤེལ་བའི་ནང་། ཏཱ་ལའི་བླ་མའི་ཡང་སྲིད་ནི་རྒྱ་ནག་དབུས་གཞུང་གིས་ཐག་གཅོད་དང་ངོས་འཛིན་བྱེད་རྒྱུ་ཡིན་ལུགས་བརྗོད་འདུག
འོན་ཀྱང་བོད་མིའི་སྒྲིག་འཛུགས་ཀྱི་སྐབས་༡༦པའི་བཀའ་ཤག་གིས་རྒྱ་ནག་གཞུང་གི་བྱ་སྤྱོད་ལ་ལན་འདེབས་དང་ལངས་ཕྱོགས་གསལ་བཤད་གནང་བའི་ནང་། རྒྱ་ནག་གཞུང་གིས་༢༠༠༧ལོར་གཏན་འབེབས་བྱས་པའི་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་དོ་དམ་བྱེད་ཐབས་ཞེས་པའི་ཁྲིམས་སྲོལ་དེ་ནི་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་གྱི་དབང་ཆ་ཡོངས་རྫོགས་རྒྱ་ནག་གཞུང་གིས་སོ་སོའི་ཆབ་སྲིད་ཀྱི་དགོས་མཁོའི་ཆེད་དུ་བེད་སྤྱོད་བཏང་བ་ཞིག་རེད། འབྱུང་འགྱུར་༧རྒྱལ་བའི་ཡང་སྲིད་དང་འབྲེལ་བའི་གནང་སྒོ་མཐའ་དག་༧རྒྱལ་བ་རིན་པོ་ཆེ་གང་ཉིད་ཀྱིས་ཐག་གཅོད་མཛད་རྒྱུ་ལས། གཞན་གཞུང་སྒེར་སུ་ལའང་ཐེ་བྱུས་བྱེད་པའི་དབང་ཚད་མེད་ཅེས་དང་། འདིའི་ཐད་༧རྒྱལ་བ་རིན་པོ་ཆེ་མཆོག་གིས་སུ་ཞིག་ལ་འགན་བསྐུར་ཇི་ལྟར་གནང་བ་བཞིན་དེའི་བརྒྱུད་རིམ་ནས་འགྲོ་དགོས་པ་ཞིག་ཡིན་ལ། བོད་མིའི་སྒྲིག་འཛུགས་ལ་ལས་འགན་བསྐུར་སྐབས་དུས་སོ་སོའི་འབྲེལ་ཡོད་ནས་ཁུར་ངེས་ཡིན་པར་ཡིད་ཆེས་ཡོད་ཅེས་འཁོད་འདུག
ཡང་ཉི་ཧོང་སྐུ་ཚབ་དོན་གཅོད་འབུམ་རམས་པ་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་གཏོང་ཐབས་ཀྱི་སྲིད་བྱུས་དང་བྱ་སྤྱོད་རྣམས་མངོན་གསལ་དོད་པོ་ཆགས་པའི་རྗེས་འབྲས་སུ། ཉི་ཧོང་ནང་པའི་མནའ་འབྲེལ་མཐུན་ཚོགས་ཀྱིས་ཡོངས་ཁྱབ་བསྒྲགས་གཏམ་དེ་སྤེལ་བ་རེད་ཅེས་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་ཉི་ཧོང་ནང་པའི་མནའ་འབྲེལ་མཐུན་ཚོགས་ཀྱིས་ཡོངས་ཁྱབ་བསྒྲགས་གཏམ་སྤེལ་བའི་ནང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་ནོ་སྦེལ་ཞི་བདེ་གཟེངས་རྟགས་བཞེས་མྱོང་མཁན་གྱི་རླབས་ཆེན་གྱི་སྐྱེ་བོ་ཞིག་ཡིན་པ་མ་ཟད། འཚེ་མེད་ཞི་བ་གཞིར་བཞག་ཐོག་བཙན་བྱོལ་བོད་གཞུང་གིས་བོད་མིའི་བདེན་དོན་འཐབ་རྩོད་མུ་མཐུད་བྱེད་མུས་ཡིན་པར་ང་ཚོའི་ངོས་ནས་རྒྱབ་སྐྱོར་ཞུ་རྒྱུ་ཡིན་ཞེས་བསྒྲགས་འདུག
དེ་དང་ཕྱོགས་མཚུངས་དེ་སྔ་སྤྱི་ལོ་༢༠༡༩ལོའི་སྤྱི་ཟླ་༡༡ནང་། བཞུགས་སྒར་རྡ་རམ་ས་ལར་བསྐོང་ཚོགས་ནང་བའི་བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་༡༤པའི་ཐོག ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ཐད་དམིགས་བསལ་གྲོས་ཆོད་དོན་ཚན་གསུམ་ཅན་ཞིག་གཏན་འབེབ་གནང་བའི་ཁྲོད། གྲོས་ཆོད་དོན་ཚན་གཉིས་པ་སྟེ། ྋརྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ཡང་སྲིད་ཕེབས་ཕྱོགས་ཐག་གཅོད་གནང་རྒྱུའི་དབང་ཆ་ཡོངས་རྫོགས་༧གོང་ས་སྐྱབས་མགོན་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གང་ཉིད་གཅིག་པུར་ཡོད་པ་ལས། གཞན་སྲིད་གཞུང་སོགས་སུ་ལའང་མེད། གལ་སྲིད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་གིས་སྲིད་དོན་གྱི་དགོས་མཁོ་ལ་བརྟེན་ནས་ྋརྒྱལ་བའི་ཡང་སྤྲུལ་ངོས་འཛིན་དང་འདེམས་སྒྲུག་བྱས་པ་བྱུང་ཚེ། ཡང་སྤྲུལ་དེར་བོད་མི་རྣམས་ནས་ངོས་འཛིན་དང་དད་མོས་བྱ་རྒྱུ་མིན་ཞེས་འཁོད་འདུག
སྤྱི་ནོར་༧གོང་ས་མཆོག་གིས་དེ་སྔོན་༡༩༦༩ལོའི་སུམ་བཅུའི་དུས་དྲན་སྐབས་བཀའ་སློབ་སྩལ་བའི་ནང་། ཏཱ་ལའི་བླ་མའི་བླ་བྲང་ངམ་གཞུང་གི་སྒྲིག་འཛུགས་ཤིག་ཡོད་པ་འདི་མ་འོངས་པར་གནས་དང་མི་གནས་ཐག་གཅོད་བྱ་རྒྱུའི་དབང་ཆ་བོད་མི་མང་གི་ལག་པར་ཡོད། འདི་ནི་རང་རེ་བོད་སྤྱི་པའི་དོན་དག་ཡིན་པ་ལས། བླ་བྲང་གི་གནས་ཚུལ་ཞིག་མ་རེད། ང་ཚོས་བདེན་དོན་འཐབ་རྩོད་བྱེད་པ་འདི་བོད་དང་བོད་མི་རིགས་ཀྱི་དོན་དག་ཡིན་པ་ལས་སྤྱི་ཚོགས་རྙིང་པ་རོ་ལངས་རྒྱག་པའི་དོན་དག་དང༌། ༧རྒྱལ་བ་རིན་པོ་ཆེའི་ཁེ་ཕན་གྱི་དོན་དག་རྩ་བ་ནས་མིན་ཞེས་བཀའ་ཕེབས་ཡོད་པ་རེད།
གཞན་སྤྱི་ལོ་༢༠༢༢ལོ་རྫོགས་ལ་ཉེ་བའི་སྐབས། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་གར་ཧི་མ་ལ་ཡའི་ན་ལེནྜའི་ནང་པའི་སྲོལ་རྒྱུན་ལྷན་ཚོགས་(Indian Himalayan Council of Nalanda Buddhist Tradition)་ཀྱིས། ༧གོང་ས་མཆོག་གི་༧སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་དོན་ཚན་གསུམ་ཅན་གྱི་གྲོས་ཆོད་ཅིག་བཞག་འདུག་པ་དེའི་ནང་། འབྱུང་འགྱུར་གཞུང་དང་ཚོགས་སྒེར་སུ་འདྲ་ཞིག་གིས་སོ་སོའི་ཆབ་སྲིད་ཀྱི་ཁེ་ཕན་ལ་དམིགས་ཏེ། ༧སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་ཐེ་བྱུས་དང་ཡང་སྲིད་འདེམས་སྒྲུག་བྱས་ཚེ། ཧི་མ་ལ་ཡའི་མང་ཚོགས་ཀྱི་དེར་ངོས་འཛིན་གུས་བཀུར་ཞུ་རྒྱུ་མིན་པ་འཁོད་འདུག
གཞི་རྩའི་ཆ་ནས་ཏཱ་ལའི་བླ་མའི་སྒྲིག་འཛུགས་འགྲོ་སྟངས་འདི་བོད་དང་སོག་པོ་གཉིས་ལ་འབྲེལ་བ་ཡོད་པའི་ཁར། ད་སྐབས་༧གོང་ས་སྐྱབས་མགོན་སྐུ་ཕྲེང་༡༤པའི་རླབས་ཆེན་གྱི་མཛད་རྗེས་ལ་བརྟེན་ནས་ཧི་མ་ལ་ཡའི་རི་བརྒྱུད་དང་དམིགས་བསལ་འབྲེལ་ཡོང་གི་ཡོད་པ་རེད། དེ་སྔོན་༧གོང་ས་མཆོག་གིས་བཀའ་སློབ་བསྩལ་བའི་ནང་། ང་ཚོ་བཙན་བྱོལ་བ་ཆགས་པ་དང་འཛམ་གླིང་སྟེང་ནང་པའི་ཆོས་ལ་དོ་སྣང་བྱེད་མཁན་ཇེ་མང་དུ་སོང་བའི་འགྱུར་བ་གསར་པའི་གནས་ཚུལ་འོག་ནས། ཏཱ་ལའི་བླ་མའི་སྒྲིག་འཛུགས་འདི་བོད་གཅིག་པུའི་གནས་ཚུལ་མ་ཡིན་པར་འཛམ་གླིང་གི་ནང་པ་སྤྱི་དང༌། བྱེ་བྲག་ཐེག་ཆེན་པ་ཡོངས་ལ་ཁྱབ་པའི་ཡོངས་གྲགས་ཆ་འཇོག་ཡོད་པའི་འགོ་ཁྲིད་ཀྱི་སྒྲིག་འཛུགས་གསར་པ་ཞིག་ཆགས་ཡོད་པ་སོགས་ཀྱི་སྐོར་བཀའ་ཕེབས་འདུག
དེ་དང་ཕྱོགས་མཚུངས་༢༠༢༠ལོར་ཨ་མི་རི་ཀས་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་ཡིག་(Tibet Policy and Support Act)་གཏན་འབེབས་གནང་བའི་ནང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་ཐེ་བའི་བོད་ཀྱི་བླ་སྤྲུལ་རྣམས་ཀྱི་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ཐད། བོད་བརྒྱུད་ནང་བསྟན་ཁོ་ན་ལས་རྒྱ་ནག་གཞུང་གིས་ཐེ་བྱུས་བྱེད་མི་ཆོག་ཅེས་ཁ་གསལ་འཁོད་ཡོད་པ་རེད། དེར་བརྟེན་བོད་མིའི་སྒྲིག་འཛུགས་དང་བོད་དོན་རྒྱབ་སྐྱོར་བ་མང་པོ་ཞིག་གིས། རྒྱ་གར་གཞུང་གི་ངོས་ནས་ཀྱང་ཨ་མི་རི་ཀ་ནང་བཞིན་༧གོང་ས་མཆོག་གི་མ་འོངས་སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་ལངས་ཕྱོགས་བརྟན་པོ་ཞིག་ཁ་གསལ་ལག་བསྟར་གནང་བའི་རེ་བ་བྱེད་ཀྱི་ཡོད་པ་རེད།


གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎