སོག་ཡུལ་གྱི་རྒྱལ་ས་ཨུ་ལན་བ་དུར་དང་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཊོན་ནང་༧གོང་ས་མཆོག་གི་སྐུའི་གྱ་སྟོན་འཁྲུངས་སྐར་ཟབ་རྒྱས་ངང་སྲུང་བརྩི་ཞུས་བ།
དེ་ཡང་འཛམ་གླིང་གི་ཡུལ་གྲུ་ཀུན་ཏུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱད་བཅུར་ཕེབས་པའི་༧སྐུའི་གྱ་སྟོན་འཁྲུངས་སྐར་སྲུང་བརྩི་དང་། བཀའ་དྲིན་རྗེས་དྲན་ཞུ་བཞིན་པ་ལྟར། སོག་ཡུལ་གྱི་རྒྱལ་ས་ཨུ་ལན་བ་དུར་རུ་ཕྱི་ཟླ་༧ཚེས་༦ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱད་བཅུར་ཕེབས་པའི་༧སྐུའི་འཁྲུངས་སྐར་གཟབ་རྒྱས་ངང་སྲུང་བརྩི་ཞུས་ཡོད་པ་དང་། ༧སྐུའི་འཁྲུངས་སྐར་གྱི་དུས་སྟོན་ཐོག་སོག་ཡུལ་དགའ་ལྡན་དགོན་པའི་མཁན་རིན་པོ་ཆེས་དབུས་པའི་བླ་སྤྲུལ་རྣམ་པ་དང་། གཞུང་གི་བློན་ཆེན་ལ་སོགས་པ་སྲིད་ཞུ་བ། སོག་ཡུལ་ནང་བཅའ་ཞུགས་སེར་སྨད་ཚ་བ་འོད་ཟེར་རིན་པོ་ཆེ་ལ་སོགས་པ་ཆེད་འབོད་སྐུ་མགྲོན་ཆིག་སྟོང་ལྷག་མཉམ་ཞུགས་གནང་འདུག་པར་མ་ཟད། སོག་ཡུལ་ནང་གི་སྒྱུ་སྩལ་བ་དང་གཞས་པ་གྲགས་ཅན་ཁག་གཅིག་ནས་༧གོང་ས་༧སྐྱབས་མགོན་མཆོག་ལ་བསྟོད་གླུའི་སྒོ་ནས་འཚམས་འདྲི་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་སྐུ་ཚེ་ཡུན་དུ་བརྟན་པའི་སྨོན་འདུན་ཞུས་ཡོད་པ་རེད།
༧རྒྱལ་མཆོག་༧སྐུ་ཕྲེང་རིམ་བྱོན་དང་སོག་ཡུལ་དབར་གྱི་བླ་སློབ་ཀྱི་འབྲེལ་བ་ཐོུང་མ་ཡིན་པ་ཞིག་ཡོད་ཅིང་། ལྷག་པར་དུ་༧རྒྱལ་མཆོག་༧སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་སོག་ཡུལ་ནང་གི་བསྟན་པའི་མེ་རོ་སླར་གསོ་དང་། སོག་པོ་རང་ཉིད་ཀྱི་རིག་གཞུང་མི་ཉམས་སྲུང་སྐྱོབ་སོགས་ཀྱི་ཐད་བཀའ་དྲིན་གྱ་མི་ནོམ་པ་ཞིག་བསྐྱངས་གནང་མཛད་ཡོད་པ་རེད།
དེ་བཞིན་ཡང་དབྱིན་ཇིའི་རྒྱལ་ས་ལོན་ཊོན་ནང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༨༠་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཟབ་རྒྱས་ཞུས་ཡོད་པ་དང་། དབྱིན་ཡུལ་ནང་བཅའ་བཞུགས་སྐུ་ཚབ་དོན་གཅོད་ཁང་ནས་སྐུའི་གྱ་སྟོན་སྲུང་བརྩིའི་ཆེད་October Galleryཞེས་པའི་ནང་ཕྱི་ཚེས་༦་ཉིན་སྣེ་ལེན་ཞིག་གོ་སྒྲིག་ཞུས་པར་༧གོང་ས་མཆོག་སྐུའི་གྲོགས་པོ་Richard Mooreལགས་དང་། རྒྱལ་ཡོངས་གྲོས་ཚོགས་འཐུས་མི་ཕྱི་འབྲེལ་མི་སྣ། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་དབུ་ཁྲིད་རྣམ་པ། བོད་དང་བོད་མི་དང་འབྲེལ་བ་ཡོད་པའི་ཆེས་མཐོའི་མི་སྣ་བོད་ཁང་ལ་རྒྱུན་རིང་ནས་ཞལ་འདེབས་གནང་མཁན་སོགས་གཙོས་པའི་སྐུ་མགྲོན་༨༠་ལྷག་དང་། དབྱིན་ཡུལ་ནང་གནས་བཞུགས་བོད་མི་རྣམས་ཆེད་ཕེབས་གནང་འདུག
དབྱིན་ཇིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་Fabian Hamiltonམཆོག་གིས་སྐབས་དེར། ༧གོང་ས་མཆོག་གིས་དགུང་གྲངས་༡༡༣་བར་བཞུགས་རྒྱུའི་ཞལ་བཞེས་མཛད་པར་འཛམ་གླིང་མི་མང་རྣམས་བསོད་ནམས་ཆེན་པོ་ཡིན་པ་སོགས་སྐོར་བཀའ་སློབ་གནང་འདུག
གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས་དང་སེངྒེ་རི་བསོད་ནམས་ལྷ་མོ།