ཁོང་ཁྲོ་ནི་ང་ཚོའི་འཕྲོད་བསྟེན་ལ་ཤིན་ཏུ་གནོད་ཚབས་ཆེ། ༧གོང་ས་མཆོག་གིས།


2019.11.07
༧གོང་ས་མཆོག་གིས་ནུབ་ཕྱོགས་ཀྱི་མི་རིགས་དང་རྒྱ་གར་བ་ཚོང་དང་འཛིན་སྐྱོང་གི་ལས་ཀ་གནང་མཁན་ཁག་གཅིག་ལ་མཇལ་མོལ་སྐབས། ༢༠༡༩།༡༡།༧ ༧གོང་ས་མཆོག་གིས་ནུབ་ཕྱོགས་ཀྱི་མི་རིགས་དང་རྒྱ་གར་བ་ཚོང་དང་འཛིན་སྐྱོང་གི་ལས་ཀ་གནང་མཁན་ཁག་གཅིག་ལ་མཇལ་མོལ་སྐབས། ༢༠༡༩།༡༡།༧
OHHDL

གོ་ལའི་ཚ་དྲོད་འཕེལ་བཞིན་པ་ནི་དངོས་ཡོད་གནས་སྟངས་ཡིན་པས་ང་ཚོས་འགྲོ་བ་མི་ཡོངས་རྫོགས་ཀྱི་ཆེད་དུ་བསམ་བློ་གཏོང་རྒྱུའི་དུས་ལ་བབས་ཡོད་ཅེས་༧གོང་ས་མཆོག་གིས་བཀའ་སྩལ་འདུག
སྤྱི་ལོ་༢༠༡༩་ལོའི་ཟླ་༡༡་པའི་ཚེས་༧་ཉིན། ནུབ་ཕྱོགས་ཀྱི་མི་རིགས་དང་རྒྱ་གར་བ་ཚོང་དང་འཛིན་སྐྱོང་གི་ལས་ཀ་གནང་མཁན་ཁག་གཅིག་གིས། བཞུགས་སྒར་ཕོ་བྲང་དུ་བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་ལ་མཇལ་བཅར་ཞུས་སྐབས། ༧གོང་ས་མཆོག་གིས། དེང་རབས་ཀྱི་ཤེས་ཡོན་ནི་ཕྱིའི་དངོས་པོའི་ཡོན་ཏན་གཙོར་འདོན་དུ་དམིགས་ཏེ་གང་མཚམས་དངོས་ཡོད་དང་མཐུན་པ་ཞིག་ཀྱང་རེད་མོད། མང་ཚོགས་ཁྲོད་ཆོས་ཀྱི་ཤུགས་རྐྱེན་ཇེ་ཆུང་དུ་སོང་བའི་འབྲས་བུར། འཚེ་བ་ཇེ་མང་དུ་འགྲོ་བཞིན་པ་དང་། ཆོས་ལུགས་ཚང་མས་ལྟ་གྲུབ་མི་འདྲ་འང་སེམས་ཞི་བདེ་ཡོང་བའི་བསླབ་བྱ་ནི་གཅིག་མཚུངས་སུ་གནང་གི་ཡོད་ཅེས་བཀའ་གནང་སོང་།
འཛམ་གླིང་ཁོར་ཡུག་དང་གནམ་གཤིས་འགྱུར་ལྡོག་ཐད་༧གོང་ས་མཆོག་གིས། ཚན་རིག་པ་ཚོས་ཉེན་བརྡ་བཏང་དང་གཏོང་བཞིན་པ་ལྟར། ད་ཆ་གོ་ལའི་ཚ་དྲོད་འཕེལ་བཞིན་པའི་གནམ་གཤིས་འགྱུར་ལྡོག་ནི་དངོས་ཡོད་གནས་སྟངས་ཤིག་ཡིན་པས། ང་ཚོས་འགྲོ་བ་མི་ཡོངས་རྫོགས་ཀྱི་ཆེད་དུ་བསམ་བློ་གཏོང་རྒྱུའི་དུས་ལ་བབས་ཡོད་པ་བཀའ་གནང་ཡོད།
ཡང་༧གོང་ས་མཆོག་གིས་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ནི་ཆོས་ལུགས་ལ་བརྟེན་མི་དགོས་པར། བདེ་སྐྱིད་དང་དགའ་སྤྲོ་ནི་ང་ཚོའི་མི་ཚེའི་སྙིང་པོ་ཡིན་པ་དང་། དེ་ཡོང་བར་སེམས་ཀྱི་ཞི་བདེ་ནི་ཧ་ཅང་གལ་གནད་ཆེན་པོ་ཡིན། ཆོས་ལ་ཡིད་ཆེས་ཡོད་མིན་ལ་མ་ལྟོས་པར། ཁོང་ཁྲོ་སོགས་ཉོན་མོངས་ཅན་གྱི་བློ་རྣམས་ངོས་ཟིན་པ་དང་། བློ་དེ་རིགས་ཉུང་དུ་གཏོང་དགོས་ན་སྨོན་ལམ་བཏབ་པས་ནུས་པ་མི་འཐོན་པར། ཁོང་ཁྲོ་ནི་ང་ཚོའི་འཕྲོད་བསྟེན་ལ་ཤིན་ཏུ་གནོད་ཚབ་ཆེ་བ་ངེས་ཤེས་ཀྱི་ཐོག་ནས་ཡོང་གི་ཡོད་ཅེས་བཀའ་གནང་གི་འདུག
གཞན་ཡང་༧གོང་ས་མཆོག་གིས་མི་གཅིག་གྱུར་གྱི་འདུ་ཤེས་དགོས་གལ་ཆེ་བ་དང་། ཁོང་གི་ཐུགས་བསྐྱེད་དམ་བཅའ་བཞི་སྟེ། མིའི་ཡོན་ཏན་གོང་འཕེལ་དང་ཆོས་ལུགས་མཐུན་སྒྲིལ། བོད་ཀྱི་སྐད་ཡིག་རིག་གཞུང་དང་ཁོར་ཡུག་སྲུང་སྐྱོབ་ཐོག་ཧུར་བརྩོན། རྒྱ་གར་གྱི་དཔལ་ནཱ་ལེན་དྲ་ནས་བརྒྱུད་པའི་གནའ་བོའི་རིག་གཞུང་གི་གལ་གནད་སོགས་ཀྱང་ངོ་སྤྲོད་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎