༧གོང་ས་མཆོག་གིས་ཅེཀ་གྲོས་ཚོཊ་གོང་འོག་གི་འཐུས་མིར་མཇལ་འཕྲད།


2016-10-19
Share
༧གོང་ས་མཆོག་Forum2000་འམ་༢༠༠༠་ལོའི་གླེང་སྟེགས་ཞེས་པའི་ལོ་འཁོར་ཚོགས་ཆེན་སྐབས། ༢༠༡༦།༡༠།༡༨ ༧གོང་ས་མཆོག་Forum2000་འམ་༢༠༠༠་ལོའི་གླེང་སྟེགས་ཞེས་པའི་ལོ་འཁོར་ཚོགས་ཆེན་སྐབས། ༢༠༡༦།༡༠།༡༨
Olivier Adam

བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་འཐུས་མི་༡༤་དང་གྲོས་ཚོགས་འོག་མའི་འཐུས་མི་མཐོ་གྲས་༣༤་ལྷན་དུ་མཇལ་འཕྲད་བཀའ་མོལ་གནང་འདུག
ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱིས་རྒྱ་ནག་དང་ཚོང་འབྲེལ་རྒྱ་བསྐྱེད་གཏོང་ཐབས་གནང་བཞིན་པའི་སྐབས་འདིར་རྒྱ་ནག་གཞུང་ཁོང་ཁྲོ་ལངས་སྲིད་པའི་ཉེན་ཁ་ཡོད་བཞིན་དུ། འདི་ཚེས་༡༩་གཟའ་མིག་དམར་ཉིན་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དང་པོ་དང་༧གོང་ས་མཆོག་ཐུགས་འབྲེལ་ཆེན་པོ་ཡོད་པ་Vaclav Havel་དམ་པ་དེས་གསར་འཛུགས་གནང་བའི་Forum 2000་འམ་༢༠༠༠་ལོའི་གླེང་སྟེགས་ཞེས་པའི་ལོ་འཁོར་ཚོགས་ཆེན་ཐོག་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་བསྐྱངས་སྐབས། ཡུལ་དེའི་སྲིད་བློན་སྐུ་གཞོན་Pavel Belobradek་མཆོག་དང་རིག་གཞུང་བློན་ཆེན་Daniel Herman་མཆོག གྲོས་ཚོགས་གོང་འོག་གཉིས་ཀྱི་ཚོགས་གཙོ་རྣམ་གཉིས། དེ་བཞིན་གྲོས་ཚོགས་གོང་མའི་འཐུས་མི་༡༤་དང་གྲོས་ཚོགས་འོག་མའི་འཐུས་མི་༣༤་ལྷན་དུ་མཇལ་འཕྲད་བཀའ་མོལ་གནང་འདུག
༧གོང་ས་མཆོག་གིས་སྐབས་དེར་ཁོང་རྣམས་ལ་བཀའ་གནང་དོན། མི་མང་གིས་ཁྱེད་རྣམས་ལ་རེ་བ་ཆེན་པོ་གནང་སྟེ་གྲོས་ཚོགས་འཐུས་མིར་འདེམས་བསྐོ་གནང་སྟབས། ཁྱེད་རྣམས་ལ་འགན་འཁྲི་ཆེན་པོ་ཡོད་སྐོར་སོགས་བཀའ་སྩལ་གནང་མཛད་འདུག
ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་Milos Zeman་མཆོག་དང་དཔོན་རིགས་མཐོ་གྲས་བཞི་ཡིས་ཟུང་འབྲེལ་བསྒྲགས་གཏམ་ཞིག་སྤེལ་བའི་ནང་ཅེཀ་ཀྱི་ཆབ་སྲིད་མི་སྣ་འགའ་ཤས་ཀྱིས་སྒེར་གྱི་བྱ་སྤྱོད་ཁག་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་ཇུས་ལ་འགྱུར་བ་བཏང་བ་མཚོན་གྱི་མེད་ལུགས་དང་། ཡང་སྲིད་འཛིན་དང་གོང་ཞུས་དཔོན་རིགས་དེ་ཚོས་༧གོང་ས་མཆོག་མཇལ་འཕྲད་མ་ཞུས་པ་མ་ཟད། ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ནི་རྒྱ་ནག་གི་ཆ་ཤས་ཡིན་པར་ཁས་ལེན་བྱེད་ཀྱི་ཡོད་པ་དང་། ཅེཀ་སྤྱི་མཐུན་རྒྱལ་ཁབ་དང་རྒྱ་ནག་གཉིས་དབར་ཕན་ཚུན་འབྲེལ་བ་ཡག་པོ་རྒྱུན་མཐུད་རྒྱུའི་འདོད་པ་ཡོད་ལུགས་གོང་ཞུས་ཟུང་འབྲེལ་བསྒྲགས་གཏམ་དེའི་ནང་བཀོད་ཡོད་འདུག
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཆེ་བསྟོད་ཞུ་མཁན་རྒྱལ་ཁབ་ཁག་ལ་རྒྱ་ནག་གཞུང་གིས་ཡང་སེ་སྡུག་ར་གཏོང་གི་ཡོད་པ་མ་ཟད། ༧གོང་ས་མཆོག་གིས་བོད་རང་བཙན་མ་ཡིན་པར་ཞི་བའི་གྲོས་མོལ་གྱི་ལམ་ནས་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་ལྗོངས་ཡོང་བའི་འབད་བརྩོན་གནང་གི་ཡོད་ན་ཡང་ད་དུང་རྒྱ་གཞུང་གིས་བོད་རང་བཙན་རྩོད་ལེན་གནང་གི་ཡོད་ཚུལ་བསྒྲགས་བཞིན་པ་རེད། ད་རེས་༧གོང་ས་མཆོག་Slovakiaའི་ནང་ཆིབས་བསྒྱུར་མཛད་འཕྲིན་བསྐྱངས་གནང་མཛད་སྐབས་ཡུལ་དེའི་སྲིད་འཛིན་Andrej Kiska་མཆོག་གིས་༧མགོན་པོ་གང་ཉིད་མཇལ་འཕྲད་བཀའ་མོལ་དང་སྣེ་ལེན་ཟབ་རྒྱས་ཞུས་པར་རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱིས་དེར་དགྲ་ཤ་ལེན་རྒྱུ་ཡིན་ལུགས་གཟའ་ཟླ་བའི་ཉིན་བཤད་ཡོད་པ་རེད།
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། སྤྱི་ཚེས་༡༨་ཉིན་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པ་རག་Prague་ནང་། ཡུལ་དེའི་རིག་གཞུང་བློན་ཆེན་སྐུ་ཞབས་Daniel Herman་མཆོག་གིས་གཙོས་གྲོས་ཚོགས་འཐུས་མི་ཁག་གཅིག་ལ་བླང་དོར་བཀའ་སློབ་གནང་རྗེས་རིག་གཞུང་བློན་ཆེན་མཆོག་གིས། ༧གོང་ས་མཆོག་ཉེ་འགྲམ་གྱི་ཚོགས་ཁང་ Manes Hall་དུ་གདན་འདྲེན་ཞུས་ཏེ་མགོན་པོ་གང་ཉིད་མཆོག་གིས། སྣང་གནས་མི་མཐུན་པའི་ཆོས་ལུགས་ཀྱི་རྣམ་གཞག་Paradox of Religion་ཅེས་པའི་བགྲོ་གླེང་ཐོག་དབུ་བཞུགས་མཛད་འདུག།
བགྲོ་གླེང་དེ་ནི་གླེང་སྟེགས་༢༠༠༠་ཞེས་པའི་ཞི་བདེའི་ལྷན་ཚོགས་ཀྱི་ཆ་ཤས་ཤིག་ཡིན་ཞིང། སྐབས་དེར་ལས་རིམ་གཙོ་སྐྱོང་བ་Shlomo Avineriས་ཕེབས་བསུའི་གསུང་བཤད་གནང་བ་དང་སྦྲགས། བགྲོ་གླེང་ནང་ལྷན་ཞུགས་མཛད་མཁན་རྣམས་རེ་རེ་བཞིན་ངོ་སྤྲོད་ཞུས། བགྲོ་གླེང་ནང་Egypt་ཀྱི་རྩོམ་པ་པོ་དང་གསར་འགོད་པ་Tarek Osman་ཀྱང་ཡོད་པ་རེད།
ཚོགས་བཅར་བ་མི་གྲངས་༡༥༠་ཡོད་པ་རྣམས་ལ་ཐོག་མར་རིག་གཞུང་བློན་ཆེན་མཆོག་གིས་གསུང་བཤད་གནང་རྗེས། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། ངོས་རང་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་གཞན་ལ་བདེ་སྐྱིད་སྐྲུན་ཐབས་བྱེད་བཞིན་ཡོད། སེམས་འཁྲུག་ནས་བསྡད་ན་ཕྱི་དངོས་པོའི་མཐུན་རྐྱེན་ཇི་ཙམ་སྦྱར་ཡང་སེམས་ནང་ཞི་བདེ་ཡོང་བ་བཟོ་མི་ཐུབ། དེ་ལས་ལྡོག་སྟེ་གལ་ཏེ་སེམས་ལ་ཞི་བདེ་ལྷིང་འཇགས་ཡོད་ཚེ་ལུས་ལ་ན་ཟུག་བྱུང་ཡང་སེམས་དེ་ཙམ་མི་འཁྲུག འདས་པའི་ལོ་ངོ་༣༠་ཙམ་གྱི་རིང་ངོས་ཀྱིས་ཚན་རིག་པ་དང་ལྷན་བགྲོ་གླེང་ཤུགས་ཆེ་བྱས་པ་ཡིན། སྐབས་དེར་ཚན་རིག་པ་ཚོས་བརྟག་དཔྱད་ཀྱི་ལམ་ནས་གཞི་རྩའི་འགྲོ་བ་མིའི་ལྷན་སྐྱེས་ཀྱི་རང་བཞིན་ནི་བྱམས་བརྩེ་ལྡན་པ་ཞིག་ཡིན་སྐོར་གསུངས་པ་དེ་ངོས་ཀྱིས་རེ་བའི་འབྱུང་ཁུངས་ལྟ་བུར་བརྩི་བཞིན་ཡོད།
ཕྱོགས་གཅིག་ནས་ཆོས་ལུགས་གཙོ་ཆེ་བ་ཚང་མས་བྱམས་བརྩེའི་བསླབ་བྱ་གསུང་བཞིན་ཡོད། འོན་ཀྱང་ཕྱོགས་གཞན་ཞིག་ནས་བརྗོད་ན། མི་ཐེར་འབུམ་གཅིག་ལྷག་གིས་ཆོས་ལ་དེ་ཙམ་ཡིད་ཆེས་བྱེད་ཀྱི་མེད། དེར་བརྟེན་བྱམས་བརྩེ་སོགས་ནང་གཤིས་རྒྱུད་དང་འབྲེལ་བའི་བཟང་པོའི་རིན་ཐང་དེ་དག་གོང་མཐོར་གཏོངཐབས་ཆེད་ཐབས་ལམ་གཞན་ཞིག་གི་བརྒྱུད་ནས་སློབ་གསོ་སྤྲོད་ཐབས་བྱེད་དགོས་སྐོར་དང་དེ་བཞིན་ཆོས་ལུགས་མཐུན་སྒྲིལ་གལ་ཆེའི་སྐོར་བཀའ་སློབ་བསྩལ་གནང་མཛད་འདུག།

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ་དང་རིག་ལྡན་སྒྲོལ་མ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།