ཨ་རིའི་སྲིད་འཛིན་ཟུར་བའི་ཡུམ་གྲོངས་པར་༧གོང་ས་མཆོག་གིས་ཐུགས་གསོ་གནང་འདུག


2018-04-18
Share
ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་(George W. Bush)མཆོག་གི་ཡུམ་(Barbara Bush) མཆོག་དང་༧གོང་ས་མཆོག་གི་སྐུ་པར་བསྒྲིགས་མ། ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་(George W. Bush)མཆོག་གི་ཡུམ་(Barbara Bush) མཆོག་དང་༧གོང་ས་མཆོག་གི་སྐུ་པར་བསྒྲིགས་མ།
RFA

སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་ཇོར་ཇི་ཌབ་ལུ་བྷུ་ཞི་(George W. Bush)མཆོག་གི་ཡུམ་(Barbara Bush) མཆོག་འདས་གྲོངས་སུ་གྱུར་བར་ཐུགས་གསོ་མཛད་འདུག
དེ་ཡང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་གསོ་གསུང་འཕྲིན་ཁང་འཁོད་དོན། སྐུ་ཉིད་ཀྱི་མ་ཡུམ་མཆོག་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཤེས་རྟོགས་བྱུང་བར་ངོས་རང་བློ་ཕམ་བྱུང་། མྱ་ངན་གྱི་དུས་སྐབས་འདིར་ངོས་ཀྱིས་དམ་པ་ཁོང་ལ་སྨོན་ལམ་གསོལ་འདེབས་ཞུ་བ་དང་སྦྲགས། སྐུ་ཉིད་མཆོག་དང་ནང་མི་སྐུ་འཁོར་ལྷན་རྒྱས་ལ་གདུང་སེམས་མཉམ་སྐྱེ་དང་མྱ་ངན་གུས་འདུད་ཞུ་རྒྱུ་ཡིན། དམ་པ་ཁོང་དགུང་གྲངས་ ༩༢ བར་འཚོ་བཞུགས་ཐུབ་པ་འདི་ནི་ཆེས་ངོ་མཚར་ཅན་ཞིག་ཡིན་པ་དང་། ལྷག་པར་སྐུ་འཚོ་བཞུགས་རིང་མི་ཚེ་དོན་དང་ལྡན་པ་ཞིག་བསྐྱལ་གནང་བ་དེར་རྗེས་སུ་ཡི་རང་དང་དགའ་བ་སྒོམ་ཆོག་པ་ཞིག་ཀྱང་ཡིན། དམ་པ་ཁོང་སྐུ་འཚོ་བཞུགས་རིང་ཨ་རིའི་སྲིད་འཛིན་ལས་ཐོག་པ་ཞིག་གི་ལྕམ་སྐུ་གནང་མྱོང་བ་མ་ཟད། དེ་རྗེས་དམ་པ་ཁོང་གི་སྲས་ཤིག་ཀྱང་ཨ་རིའི་སྲིད་འཛིན་དུ་འོས་འདེམས་བྱུང་བ་རེད། ཕྱོགས་མཚུངས་དམ་པ་ཁོང་སྐུ་འཚོ་བཞུགས་རིང་ཤེས་ཡོན་ཡར་རྒྱས་གཏོང་ཆེད་འབད་བརྩོན་ཧ་ཅང་གནང་བའི་འབྲས་བུ་བཟང་པོ་དེ་དག་ཡུན་རིང་གནས་ཐུབ་རྒྱུ་རེད་ཅེས་བཀའ་སྩལ་བ་དང་སྦྲགས། དམ་པ་ཁོང་དང་ཁོང་གི་སྐུ་ཟླ་རྣམ་གཉིས་ནས་རང་གི་ཕྲུ་གུ་རྣམས་ཆུང་དུས་ནས་སྤྱི་པའི་ལས་དོན་ཐོག་ཞབས་ཞུ་བསྒྲུབ་རྒྱུར་བརྒྱུད་སྐུལ་གནང་བ་དེར་༧གོང་ས་མཆོག་གིས་དམིགས་བསལ་རྗེས་དྲན་དང་ཡིད་རང་བསྔགས་བརྗོད་རྒྱ་ཆེ་མཛད་ཡོད་པ་རེད་འདུག
ལྕམ་སྐུ་དམ་པ་(Barbara Bush)་མཆོག་ནི། ཨ་རིའི་སྲིད་འཛིན་ ༤༡ པ་ (George Herbert Bush)མཆོག་གི་སྐུ་ཟླ་དང་སྲིད་འཛིན་ ༤༣ པའི་ཡུམ་ཡིན་པ་རེད། ཁོང་ཕྱི་ཟླ་ ༤ ཚེས་ ༡༧ ཉིན་ཨ་རིའི་ཊེཀ་སསྀ་མངའ་སྡེའི་ནང་ཡོད་པའི་ཁོང་གི་གཟིམས་ཁང་ནང་འདས་གྲོངས་སུ་ཕེབས་ཤིང་། ཁོང་དགུང་གྲངས་ ༩༢ ཡིན་པ་རེད།
ཨ་རིའི་སྲིད་འཛིན་ཞེ་གཅིག་པ་(George Herbert Bush)་མཆོག་ནི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུ་མཁན་གྱི་ཨ་རིའི་སྲིད་འཛིན་དང་པོ་དེ་ཡིན་ཞིང་། དབུ་ཁྲིད་རྣམ་གཉིས་ཀྱི་མཇལ་འཕྲད་དེ་ཕྱི་ལོ་ ༡༩༩༡ ལོའི་ཕྱི་ཟླ་ ༤ ཚེས་ ༡༧ ཉིན་ཨ་རིའི་ཕོ་བྲང་དཀར་པོའི་ནང་གནང་ཡོད་པ་རེད། ཁོང་གི་སྲས་ཨ་རིའི་སྲིད་འཛིན་ ༤༣ པ་(George W Bush) མཆོག་ནི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་རྟགས་མ་ཕུལ་བའི་མཛད་སྒོའི་ཐོག་ཆེད་ཕེབས་ཀྱིས་ཡོངས་ཁྱབ་ཀྱི་ཐོག་ནས་མཇལ་འཕྲད་ཞུ་མཁན་ཐོག་མ་དེ་ཡིན་པར་མ་ཟད། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་སྲིད་འཛིན་(George W Bush)་རྣམ་གཉིས་ནི་ཕན་ཚུན་ཧ་ཅང་གི་ཐུགས་བརྩེ་ཆེན་པོ་ཡོད་པ་རེད།

གསར་འགོད་པ་བསོད་ནམས་ལྷ་མོ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།