སྨན་པ་དང་སྨན་ཞབས་པ་ཚོའི་སེམས་ཁམས་དམིགས་བསལ་གྱི་ཞི་བདེ་བག་ཕབ་དགོས། ༧གོང་ས་མཆོག་གིས།

2020-07-23
གློག་འཕྲིན།
མཆན།
Share
པར་བཀོད།
༧གོང་ས་མཆོག་གིས་རྒྱལ་སྤྱིའི་སྨན་པའི་ལྷན་ཚོགས་དང་ཚོགས་སྡེ་ཁག་ཅིག་ལ་བཀའ་སློབ་སྩལ་སྐབས། ༢༠༢༠།༧།༢༣
༧གོང་ས་མཆོག་གིས་རྒྱལ་སྤྱིའི་སྨན་པའི་ལྷན་ཚོགས་དང་ཚོགས་སྡེ་ཁག་ཅིག་ལ་བཀའ་སློབ་སྩལ་སྐབས། ༢༠༢༠།༧།༢༣
OHHDL

སྨན་པ་དང་སྨན་ཞབས་པ་ཚོའི་སེམས་ཁམས་དམིགས་བསལ་གྱི་ཞི་བདེ་བག་ཕབ་དགོས་གལ་ཆེ་བ་༧གོང་ས་མཆོག་གིས་རྒྱལ་སྤྱིའི་སྨན་པའི་ལྷན་ཚོགས་དང་ཚོགས་སྡེ་ཁག་ཅིག་ལ་བཀའ་གནང་སོང་།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ། རྒྱ་གར་གྱི་རིགས་རྒྱུད་དུ་གཏོགས་པའི་རྒྱལ་སྤྱིའི་སྨན་པའི་ལྷན་ཚོགས་དང་། ཡོ་གའི་མཁས་དབང་ཚུད་པའི་སྨན་གྱི་སློབ་གཉེར་དང་ཞིབ་འཇུག་ཟུང་འབྲེལ་གྱི་གཙུག་ལག་སློབ་ཁང་། དེ་བཞིན་རྒྱ་གར་གྱི་ཡོ་གའི་ལྷན་ཚོགས་ཞེས་པའི་ཚོགས་མི་རྣམས་ནས་“ནད་པར་སྨན་བཅོས་བྱེད་སྐབས་བྱམས་སྙིང་རྗེའི་ཉམས་ལེན་བྱེད་སྟངས་”ཞེས་པའི་བརྗོད་གཞི་ཐོག་བཀའ་སློབ་སྩལ་གནང་ཡོང་བའི་གསོལ་འདེབས་ཞུས་པ་བཞིན། འདི་ཚེས་༢༣་ཉིན། བཞུགས་སྒར་རྡ་རམ་སཱ་ལའི་རྒྱལ་བའི་ཕོ་བྲང་ནས་བརྙན་འཕྲིན་དྲ་ལམ་བརྒྱུད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་བའི་སྐབས། སྨན་པ་དང་སྨན་ཞབས་པ་ཚོའི་སེམས་ཁམས་དེ་དམིགས་བསལ་གྱི་ཞི་བདེ་བག་ཕབ་དགོས་གལ་ཆེ་ཞིང་། ལྷག་པར་དུ་སྨན་པ་དང་སྨན་ཞབས་པ་ཚོས་འགྲོ་བ་མིའི་བྱམས་བརྩེའི་ནུས་པ་ཡོད་པའི་ཐོག་ནས་ནད་པར་སྨན་བཅོས་བྱས་བ་ཡིན་ན། ནད་པ་ཚོའི་སེམས་ཁམས་ལ་ཕན་ཐོག་ངེས་ཅན་ཞིག་ཡོང་ངེས་ཡིན་པ་དང་། ངོས་རང་ལ་མཚོན་ན། སྤྱི་ལོ་༡༩༥༤་ལོར་ངོས་རྒྱ་ནག་ལ་ཡོད་པའི་སྐབས་དེར་རྒྱ་མིའི་སྨན་པ་ཧ་ཅང་གི་ཡག་པོ་ཞིག་ཡོད། ཁོང་གིས་ངོས་ལ་སྨན་བཅོས་བྱེད་པའི་སྐབས། ཁོང་གི་རྣམ་འགྱུར་ནི་ཧ་ཅང་གི་དྲག་པོ་ཞིག་ཡོད་པ་དེས་རང་བཞིན་གྱི་ངོས་ཀྱི་སེམས་ལ་སྨན་པའི་ངོ་གདོང་གི་འཁྱེར་བཟོ་དེ་འཛུམ་མདངས་ལྡན་པ་ཞིག་ཡོད་ན། རང་བཞིན་གྱི་ནད་པས་སྨན་པར་ཡིད་ཆེས་འཕེལ་བ་དང་། ནད་པའི་སེམས་ཁམས་ཀྱང་ཞི་ལྷོད་ཡོང་བར་ཕན་ཐོགས་ཡོད་པ་མྱོང་ཚོར་བྱུང་ཞེས་བཀའ་གནང་སོང་།
ད་དུང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། འདས་པའི་ལོ་ངོ་བཅུ་ཕྲག་འགའ་ཤས་ཀྱི་གོང་ནས་ནུབ་ཕྱོགས་པའི་ཚན་རིག་པ་ཚོའི་ལྷན་དུ་ངོས་ཀྱིས་བགྲོ་གླེང་རིམ་པ་མང་པོ་བྱས་པ་ཡིན། ཚན་རིག་པ་དེ་དག་གི་རྒྱུད་ལ་ནུབ་ཕྱོགས་པའི་རིག་གཞུང་གི་ཤུགས་རྐྱེན་ཆེན་པོ་རེད། ཁོང་ཚོའི་མི་ཚེ་དང་ཤེས་ཡོན་ཆ་ཚང་ཕྱིའི་དངོས་པོ་ཡར་རྒྱས་རྐྱང་རྐྱང་ལ་དམིགས་ཏེ་ཡོང་བ་ཞིག་ཡིན་པར་བརྟེན། སེམས་ཁམས་དང་འབྲེལ་བའི་རྒྱ་གར་གྱི་གནའ་བོའི་རིག་གཞུང་བཟང་པོ་དེ་དག་ཁོང་ཚོར་དེ་སྔ་མེད་པའི་བསམ་བློ་གསར་པ་ལྟ་བུ་ཞིག་ཏུ་འགྱུར་ཡོད། རིམ་པས་ནུབ་ཕྱོགས་པའི་ཚན་རིག་པ་ཚོ་ནང་སེམས་ཁམས་དང་འབྲེལ་བའི་རྒྱ་གར་གྱི་གནའ་བོའི་རིག་གཞུང་དེ་དག་དང་འདྲིས་ཆེན་པོ་ཆགས་ཏེ་ཚན་རིག་པ་མང་པོ་ཞིག་གིས་རྒྱ་གར་གྱི་གནའ་བོའི་རིག་གཞུང་དེ་དག་ལ་ཡིད་རངས་དང་བསྔགས་བརྗོད་ཞེ་དྲག་གནང་གི་འདུག་ཅིང་།  ཕྱིའི་དངོས་པོ་ཡར་རྒྱས་རྐྱང་རྐྱང་ལ་དམིགས་པའི་ནུབ་ཕྱོགས་པའི་ཤེས་ཡོན་སློབ་གསོ་གཅིག་པུའི་ནང་སེམས་ཞི་བདེ་ཡོང་བར་འདང་གི་མེད་པ་ནུབ་ཕྱོགས་ཀྱི་ཚན་རིག་པ་ཁག་ཅིག་ནས་རང་ཉིད་ཀྱི་མྱོང་ཚོར་ཡང་བརྗོད་བྱུང་ཅེས་དང་། ང་ཚོའི་འཕྲོད་བསྟེན་ནི་རང་བཞིན་གྱི་ང་ཚོའི་སེམས་ཁམས་དང་སེམས་མྱོང་། ལུས་པོ་ཆ་ཚང་དང་འབྲེལ་བ་ཆགས་ཡོད་པ་མ་ཟད། སེམས་ཁམས་དང་འབྲེལ་བའི་བྱམས་བརྩེ་དང་སྙིང་རྗེ་སོགས་ཀྱིས་ང་ཚོའི་སེམས་ཞི་བདེ་བག་ཕབ་ཡོང་བར་ཕན་ཐོགས་ཡོད་པ་དང་། ད་དུང་འགྲོ་བ་མི་གཞན་ཚོས་རང་ཉིད་ལ་སྐྱོན་བརྗོད་བྱེད་པའི་སྐབས། དེ་ནི་རང་ཉིད་ཀྱི་དགེ་རྒན་ཡིན་བསམ་པའི་བློ་དེ་འཛིན་པ་ཡིན་ན། དེའི་བརྒྱུད་ནས་རང་ཉིད་ལ་དོན་དམ་གྱི་བདེ་སྐྱིད་ཤིག་ཀྱང་ཐོབ་སྲིད། དེར་བརྟེན། བྱམས་རྙིང་རྗེ་ནི། སེམས་འཚབ་དང་ཁོང་ཁྲོ་ལ་སོགས་པའི་གནོད་ཚབས་ཅན་གྱི་བློའི་རིགས་ལ་རྒོལ་ལན་བྱེད་རྒྱུའི་ཐབས་ལམ་ཡག་ཤོས་དེ་ཡིན་པ་བཀའ་གནང་སོང་།
སྐབས་དེར་ནོ་བེལ་ཞི་བདེ་གཟེངས་རྟགས་བཞེས་མྱོང་མཁན་(Dr. Elizabeth Blackburn)་ལགས་ཀྱིས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ། འཇིག་རྟེན་འདིའི་ནང་རེ་བ་བརླགས་པའི་འགྲོ་བ་མི་འགའ་ཤས་ལ་ཁྱེད་ཉིད་ཀྱིས་བཀའ་སློབ་ལམ་སྟོན་གང་གནང་རྒྱུ་ཡིན་ཞེས་བཅར་འདྲི་དགོངས་སྐོར་ཞུས་པར། ༧གོང་ས་མཆོག་གིས། ཕུགས་རྒྱང་རིང་པོ་མ་མཐོང་མཁན་དང་། འདོད་པའི་བློ་ཧ་ཅང་གི་ཆེ་དྲགས་པ། དེ་བཞིན་ཕྱོགས་གཅིག་གི་བསམ་བློ་ཁོ་ན་གཏོང་མཁན་གང་ཟག་དེ་དག་ལ་རེ་བ་བྲལ་བའི་དཀའ་ངལ་རིགས་འཕྲད་སྲིད་པ་ཞིག་རེད། འོན་ཀྱང་། འགྲོ་བ་མིའི་རྣམ་དཔྱོད་ལ་དམིགས་བསལ་གྱིས་ཕྱོགས་ཡོངས་ཀྱི་གནས་ཚུལ་རྟོགས་པའི་ནུས་པ་ཞིག་ཡོད་ལ། དཀའ་ངལ་ཇི་འདྲ་ཞིག་འཕྲད་ཀྱང་དེ་སེལ་ཐུབ་པའི་ནུས་པ་ཡང་ཡོད། ཇི་ཙམ་གྱིས་ཕྱོགས་ཡོངས་ཀྱི་གནས་ཚུལ་ཧ་གོ་བའི་ཐོག་ནས་བསམ་བློ་བཏང་བ་ཡིན་ན། དཀའ་ངལ་ཇི་འདྲ་ཞིག་འཕྲད་ཀྱང་དེ་སེལ་ཐུབ་པའི་རེ་བ་ཡོད་ཅེས་བཀའ་གནང་སོང་།
ད་སྐབས་རྒྱ་ནག་ཝུའུ་ཧན་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་གསར་བའི་ནད་ཡམས་འཛམ་གླིང་གི་ཡུལ་གྲུ་གང་སར་ཁྱབ་ནས་དཀའ་ངལ་འཕྲད་བཞིན་པ་དང་། སྤྱི་ཚོགས་རྒྱང་བཀྱེད་སྐབས། འཛམ་གླིང་གི་ཡུལ་གྲུ་གང་ས་ནས་ཚན་རིག་པ་དང་། མཁས་བ། ཆེད་ལས་མི་སྣ། སྨན་པ། དགེ་རྒན་སློབ་ཕྲུག་སོགས་ཀྱིས་སེམས་ཞི་བདེ་ཡོང་ཆེད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་སློབ་ལམ་སྟོན་ཞུ་བཞིན་ཡོད་པ་རེད།
འདི་ཚེས་༢༩་ཉིན། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་ཤེས་ཡོན་ལྟེ་གནས་ཁང་འདྲ་མིན་གྱི་སློབ་ཕྲུག་ཚོར་བྱམས་སྙིང་རྗེའི་གལ་གནད་སྐོར་དང་། དེང་གི་འཛམ་གླིང་གི་དཀའ་རྙོག་སེལ་ཐབས་ཞེས་པའི་བརྗོད་གཞི་སོགས་ཀྱི་ཐོག་བཀའ་སློབ་ལམ་སྟོན་གནང་གཏན་འཁེལ་ཡོད་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།