༸གོང་ས་མཆོག་ནས་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་ཐུགས་རྗེ་ཆེ་ཞུའི་གསུང་འཕྲིན་བསྩལ་བ།

2023.12.18
༸གོང་ས་མཆོག་ནས་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་ཐུགས་རྗེ་ཆེ་ཞུའི་གསུང་འཕྲིན་བསྩལ་བ། འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ནས་༸གོང་ས་མཆོག་ལ་ལྗགས་སྨིན་འདེགས་འབུལ་ཞུས་པའི་སྐབས། ༢༠༢༣།༡༢།༡༣ ཉིན།
OHHDL

ཉེ་ལམ་སྤྱི་ཟླ་ ༡༢ པའི་ཚེས་ ༡༡ ནས་བོད་མིའི་དབུ་ཁྲིད་༸གོང་ས་༸མཆོག་རྒྱ་གར་འབྲས་ལྗོངས་མངའ་སྡེའི་ནང་ཆིབས་བསྒྱུར་གྱིས། འབྲས་ལྗོངས་མངའ་སྡེའི་མི་མང་ཁྲི་བཞི་ལྷག་ལ་རྒྱལ་སྲས་ལག་ལེན་སོ་བདུན་མའི་ཆོས་འབྲེལ་དང་འབྲས་ལྗོངས་གཞུང་གིས་བརྟན་ཞུགས་དང་ཆེ་བསྟོད་ཀྱི་གསོལ་ཚིགས་འདེགས་འབུལ། ཕར་ཚུར་ཕེབས་བསུ་དང་ཕེབས་སྐྱེལ་གྱི་གྲ་སྒྲིག་སོགས་གཞུང་འབྲེལ་གྱི་ཐོག་ནས་ཧ་ཅང་ཚགས་ཚུད་པོ་གནང་ཡོད་པར་བརྟེན། བོད་མིའི་དབུ་ཁྲིད་༸གོང་ས་མཆོག་གིས་སྤྱི་ཟླ་ ༡༢ པའི་ཚེས་ ༡༦ ཉིན་གནས་མཆོག་རྡོ་རྗེ་གདན་ནས་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པི་རམ་སིངྷ་རྟ་མང་གི་མཚན་ཐོག་ཏུ་ཕྱག་བྲིས་ཤིག་ཕེབས་པའི་ནང་། མགོན་པོ་གང་ཉིད་ཉེ་ལམ་མངའ་སྡེ་དེར་ཆིབས་བསྒྱུར་གྱི་སྐབས་སུ། འབྲས་ལྗོངས་མངའ་སྡེ་གཞུང་དང་མི་མང་། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་བཅས་ནས་སྤྲོ་སེམས་འཁོར་བའི་སྣེ་ལེན་ཞུས་པར་ཡི་རང་བསྔགས་བརྗོད་ཕེབས་པ་དང་འབྲེལ། མང་ཚོགས་ཀྱིས་ངོས་ལ་དད་པ་དང་ཡིད་ཆེས་གཏིང་ཟབ་བྱེད་བཞིན་པ་མཐོང་སྟེ། རྒྱ་ཆེ་ས་ནས་ངོས་རང་གིས་མུ་མཐུད་འགྲོ་བ་མིའི་རིགས་ལ་ཞབས་འདེགས་ཅི་ནུས་བསྒྲུབ་འདུན་གྱི་བློ་སྟོབས་ཇི་ཆེར་འཕེལ་བཅུག་སོང་ཞེས་འཁོད་ཡོད་པ་མ་ཟད། སྤྱི་ཟླ་ ༡༢ པའི་ཚེས་ ༡༤ ཉིན་༸གོང་ས་མཆོག་གིས་ས་ལུ་སྒར་དུ་མང་ཚོགས་ལ་ཆོས་འབྲེལ་གནང་སྐབས་ཀྱང་། འབྲས་ལྗོངས་སྒང་ཏོག་ཁུལ་དུ་ཕྱིན་པར། འབྲས་ལྗོངས་ཀྱི་སེར་སྐྱ་མི་མང་རྣམས་དད་འདུན་རྩེ་གཅིག་པ་ཡིན་པ་དང་། ས་ཐག་རིང་པོ་ཡིན་ནའང་མགོན་པོ་གང་ཉིད་ཀྱི་སྐུ་གཟུགས་ཧ་ཅང་བདེ་པོ་བྱུང་བ། ཁོ་ཚོར་སློབ་སྦྱོང་ལ་དོ་སྣང་བྱེད་དགོས་པའི་འབོད་སྐུལ་ཞུས་པ་ཡིན་ཞེས་བཀའ་བསྩལ་ཡོད་པ་རེད། 

ཡང་རྒྱ་གར་འབྲས་ལྗོངས་མངའ་སྡེའི་རྒྱལ་ས་སྒང་ཏོག་ཁུལ་གྱི་ས་གནས་འགོ་འཛིན་ལྷག་པ་ཚེ་རིང་ལགས་ནས་ཀྱང་། འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པི་རམ་སིངྷ་རྟ་མང་ལགས་ཁོ་རང་ནང་པ་ཡིན་པའི་མུར། ༸གོང་ས་མཆོག་གདན་ཞུས་ཀྱི་ཆེད་བཞུགས་སྒར་དུ་འབྲས་ལྗོངས་གཞུང་གི་འབྲེལ་ཡོད་རྣམས་ཐེངས་མ་དྲུག་བཅར་གནང་བ་དང་། ས་གནས་སུ་ཚད་མཐོའི་ཕེབས་བསུ་ཕེབས་སྐྱེལ་དང་ཆེ་བསྟོད་གསོལ་ཚིགས་ཀྱི་སྐབས་སུའང་མངའ་སྡེའི་གྲོས་ཚོགས་འཐུས་མི་ཆ་ཚང་དང་གཞུང་འབྲེལ་མི་སྣ་ཆེ་དྲག་ཚང་མ་ཕེབས་པ་དང་། མངའ་སྡེ་དེར་ཡུན་རིང་གི་རྗེས་སུ་ཆིབས་བསྒྱུར་གནང་བར་བརྟེན། བོད་རིགས་སུམ་སྟོང་ཙམ་ལས་མེད་ཀྱང་ས་གནས་ཡུལ་མི་ཁྲི་ཚོ་བཞི་ལྷག་འཛོམས་ཏེ་དགའ་གུས་ཧ་ཅང་ཆེན་པོ་གནང་བ་འགྲེལ་བརྗོད་གནང་གི་འདུག

གཞན་ཡང་༸གོང་ས་མཆོག་གི་བཀའ་ཡིག་དེའི་ནང་མགོན་པོ་གང་ཉིད་ཀྱི་ལམ་སྟོན་གཙོ་བོ་ནི། འགྲོ་བ་མི་གཅིག་གྱུར་དབར་ཕན་ཚུན་སེམས་བཟང་པོ་དང་བྱམས་བརྩེ་བྱེད་དགོས་པའི་ཁར། སེམས་མ་དུལ་བ་དུལ་བར་བྱེད་གལ་ཆེན་པོ་དང་། སེམས་ཐུལ་ན་མི་ཚེར་བདེ་སྐྱིད་དང་སྙིང་པོ་ལེན་ཐུབ་པ། དེང་སང་སེམས་འཁྲུག་བསྡད་པ་སེལ་ཐབས་དང་སེམས་ཀྱི་ཞི་བདེ་བསྐྲུན་པར། ནང་པའི་ཆོས་ལ་དོ་སྣང་ཇི་ཆེར་འགྲོ་བཞིན་པ་དང་མཚུངས། ཆོས་ཁས་ལེན་མིན་ཇི་ལྟར་ཡང་དམིགས་བསལ་ཆོས་དང་མ་འབྲེལ་བའི་ལམ་ནས་བློ་སྦྱངས་ཐུབ་པའི་རྩ་བ་ནི། ང་ཚོས་སེམས་བཟང་པོ་ལ་གོམས་འདྲིས་བསྟེན་ཏེ་ཕན་ཚུན་རོགས་རམ་གང་ཐུབ་བྱ་རྒྱུ་དེ་རེད་ཅེས་བཀའ་ཕེབས་ཡོད་པ་རེད།

གསར་འགོད་པ། བློ་བྷེ།   
རྩོམ་སྒྲིག་པ།  ཡེ་ཤེས་ཟླ་བ། 
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཕྲོད་བཞེས་སྤྱིའི་ཆ་ནས་ཧ་ཅང་ཡག་པོ་ཡོད་པ་སྲིད་སྐྱོང་མཆོག་གིས་གསུངས་བྱུང་།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་གསང་བའི་ལས་ཁུངས་ཀྱིས་དེ་སྔ་བོད་དམག་ཚོར་གསང་བའི་དམག་སྦྱོང་སྤྲོད་ཡུལ་དངོས་རྩད་ཆོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎