བྱམས་དང་སྙིང་རྗེ་ནི་འཛམ་གླིང་ཞི་བདེའི་ཀ་བ་ལྟ་བུ་ཡིན། ༧གོང་ས་མཆོག་གིས།

2022.11.03
Share on WhatsApp
Share on WhatsApp
བྱམས་དང་སྙིང་རྗེ་ནི་འཛམ་གླིང་ཞི་བདེའི་ཀ་བ་ལྟ་བུ་ཡིན། ༧གོང་ས་མཆོག་གིས། ༧གོང་ས་མཆོག་གིས་མཱ་ཡེསོར་གཙུག་ལག་སློབ་ཆེན་གྱི་ཉེ་བའི་རིག་བདག་སློབ་དཔོན་(Hemantha Kumar)་ལགས་སུ་མཇལ་ཁ་བསྩལ་སྐབས། ༡༡།༠༣།༢༠༢༢
OHHDL

བྱམས་དང་སྙིང་རྗེ་ནི་འཛམ་གླིང་ཞི་བདེའི་ཀ་བ་ལྟ་བུ་ཡིན་པ་༧གོང་ས་མཆོག་གིས་མཱ་ཡེསོར་གཙུག་ལག་སློབ་ཆེན་གྱི་ཉེ་བའི་རིག་བདག་སློབ་དཔོན་(Hemantha Kumar)་ལགས་སུ་བཀའ་བསྩལ་ཡོད་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱས་པའི་གཞན་ཕན་ཐེབས་རྩ་ཚོགས་པས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། འདི་ཚེས་༣ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱས་པའི་མཱ་ཡེསོར་གཙུག་ལག་སློབ་ཆེན་གྱི་ཉེ་བའི་རིག་བདག་སློབ་དཔོན་(Hemantha Kumar)་ལགས་དང་། གཞན་ཕན་ཐེབས་རྩ་ཚོགས་པའི་ཚོགས་གཙོ་བསོད་ནམས་ཕུན་ཚོགས་ལགས་སོགས་འབྲེལ་ཡོད་མི་སྣ་ཁག་ཅིག་ལ་མཇལ་ཁ་དང་བཀའ་སློབ་སྩལ་འདུག
དེའི་ཐད་མཱ་ཡེསོར་གཙུག་ལག་སློབ་ཆེན་གྱི་ཉེ་བའི་རིག་བདག་སློབ་དཔོན་(Hemantha Kumar)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་སྐར་མ་༢༠ཙམ་གྱི་རིང་བཀའ་སློབ་ལམ་སྟོན་གནང་བའི་ནང་། གཙོ་བོ་བྱམས་སྙིང་རྗེའི་གལ་གནད་སྐོར་དང་། ལྷག་ཏུ་བྱམས་དང་སྙིང་རྗེ་ནི་འཛམ་གླིང་ཞི་བདེའི་ཀ་བ་ལྟ་བུ་ཡིན་པ་བཀའ་གནང་སོང་། ང་ཚོའི་ངོས་ནས་ཉེ་ལམ་སེར་བྱེས་མཁས་སྙན་གྲྭ་ཚང་དང་མཱ་ཡེསོར་གཙུག་ལག་སློབ་ཆེན་གཉིས་བར་མོས་མཐུན་གན་རྒྱ་བཞག་ནས། གྲྭ་ཚང་སློབ་གླིང་ནང་རྒྱ་གར་གཞུང་གིས་ངོས་འཛིན་ཡོད་པའི་ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་གཞི་དངོས་སུ་འགོ་འཛུགས་གནང་ཡོད་པ་མགོན་པོ་གང་ཉིད་མཆོག་ལ་སྙན་སེང་ཞུ་རྒྱུའི་སྐལ་བཟང་གི་གོ་སྐབས་བྱུང་སོང་བས། གང་ཉིད་མཆོག་ཐུགས་དགྱེས་ཚོར་ཆེན་པོས་བསྔགས་བརྗོད་དང་སྦྲགས། འདི་ལྟ་བུའི་ལས་གཞི་གང་མང་སྤེལ་དགོས་པ་ལམ་སྟོན་གནང་སོང་ཞེས་འགྲེལ་བརྗོད་གནང་བྱུང་།
དེ་སྔོན་སྤྱི་ཟླ་༡༠པའི་ཚེས་༢༡ཉིན་མཱ་ཡེསོར་གཙུག་ལག་སློབ་ཆེན་གྱིས། རྒྱ་གར་ལྷོ་ཕྱོགས་བྷེལ་ཀོབ་ཏུ་རྟེན་གཞི་བྱས་པའི་སེར་བྱེས་མཁས་སྙན་གྲྭ་ཚང་གི་བཀྲིས་ཆོས་གླིང་ཤེས་ཡོན་ལྟེ་གནས་ཁང་ལ་ཆེ་མཐོང་གིས་རྒྱ་གར་དབུས་གཞུང་ཤེས་ཡོན་ལྷན་ཁང་གི་ངོས་འཛིན་ཡོད་པའི་ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་གཞི་དངོས་སུ་ལག་བསྟར་དབུ་འཛུགས་གནང་ཡོད་པ་དང་། བཀྲིས་ཆོས་གླིང་ཤེས་ཡོན་ལྟེ་གནས་ཁང་ནང་ཉེ་བའི་གཙུག་ལ་རབ་འབྱམས་པའི་སློབ་གཞི་གཙོ་བོ་ཁག་གསུམ་སྟེ། སེམས་ཁམས་རིག་པ་དང་། བོད་ཀྱི་སྐད་ཡིག དེ་བཞིན་ལྟ་གྲུབ་རིག་པ་བཅས་ཡིན་ཞིང་། སློབ་གཞི་དབུ་འབྱེད་མཛད་སྒོའི་ཐོག་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་ལགས་ཕེབས་ཡོད་པ་རེད།
དེ་དང་ཕྱོགས་མཚུངས་སེར་བྱེས་འབྲིང་རིམ་སློབ་གྲྭ་དེ་བཞིན་དེ་སྔོན་རྒྱ་གར་དབུས་གཞུང་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཀྱི་ཁྱབ་ཁོངས་སུ་ངོས་འཛིན་གནང་སྟེ། འདི་ལོར་ལོ་ངོ་ཧྲིལ་པོ་༢༥འཁོར་གྱི་ཡོད་པ་མ་ཟད། དེ་ནི་བཙན་བྱོལ་ནང་བོད་ཀྱི་དགོན་པའི་སློབ་གྲྭ་ཞིག་འདི་ལྟ་བུའི་ངོས་འཛིན་གནང་བ་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད།
ཡང་གཞན་ཕན་ཐེབས་རྩ་ཚོགས་པའི་ཚོགས་གཙོ་དང་སེར་བྱེས་འབྲེལ་མཐུད་པ་བསོད་ནམས་ཕུན་ཚོགས་ལགས་ཀྱིས། ད་རེས་མཇལ་ཁའི་སྐབས་གཙོ་བོ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་གཞིར་བཟུང་མཱ་ཡེསོར་གཙུག་ལག་སློབ་ཆེན་དང་། གཞན་ཕན་ཐེབས་རྩ་ཚོགས་པ་གཉིས་ཐུན་མོང་གིས་གཙུག་ལག་སློབ་ཆེན་དེའི་ནང་དུ་སེམས་ཁམས་འཕྲོད་བསྟེན་དང་འབྲེལ་བའི་བགྲོ་གླེང་གོ་སྒྲིག་དང་། དཔེ་མཛོད་ཁང་དུ་༧གོང་ས་མཆོག་གི་གསུང་རྩོམ་ཕྱག་དཔེ་༡༣༠འགྲེམ་སྤེལ་སོགས་རླབས་ཆེན་གྱི་བྱ་བ་གསུམ་ལེགས་གྲུབ་བྱུང་ཡོད་པ་དེ་སྙན་སེང་དང་འབྲེལ་འབྱུང་འགྱུར་ལས་གཞི་ཇི་སྤེལ་སྐོར་བཀའ་སློབ་ལམ་སྟོན་ཞུས་པ་ཡིན་ཞེས་འགྲེལ་བརྗོད་གནང་བྱུང་།
རྒྱ་གར་ལྷོ་ཕྱོགས་ཁུལ་དུ་ཡུན་རིང་བོད་མིར་རོགས་སྐྱོར་གནང་མཁན་སློབ་དཔོན་(Jayaprakash Urs)་ལགས་ཀྱིས་གཞན་ཕན་ཐེབས་རྩ་ཚོགས་པའི་ལས་གཞི་ཁག་ལ་རོགས་རམ་གནང་མུས་ཡིན་འདུག འདས་པའི་ལོ་ངོ་༢༥འི་གོང་ལ་༧གོང་ས་ཏཱ་ལའི་བླ་མ་མཆོག་བྷེལ་ཀོབ་གཞིས་ཆགས་སུ་ཆིབས་བསྒྱུར་སྐབས། འཕགས་བོད་གཉིས་བར་དམིགས་བསལ་འབྲེལ་ལམ་དང་ངས་བོད་མིར་རོགས་པ་བྱེད་དགོས་པའི་བཀའ་སློབ་ཕེབས་སོང་བས། དུས་དེ་ནས་བཟུང་། བོད་པའི་དགོན་སྡེ་ཁག་དང་ཚོགས་སྡེ་ཁག དེ་བཞིན་བོད་མི་སྒེར་བཅས་ལ་གང་ཐུབ་ཀྱིས་རོགས་རམ་བྱེད་འགོ་བཙུགས་པ་ཡིན་ཞེས་འགྲེལ་བརྗོད་གནང་བྱུང་།
སློབ་དཔོན་(Jayaprakash Urs)་ལགས་ནི་དེ་སྔོན་བྷེལ་ཀོབ་གཞིས་ཆགས་སུ་ཧིན་བོད་མཛའ་འབྲེལ་ཚོགས་པ་ཐོག་མ་གསར་འཛུགས་བྱས་པའི་སྐབས་ཀྱི་ཚོགས་མི་ཡིན་འདུག་ཅིང་། ད་ལྟའི་ཆར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་འཕགས་བོད་འབྲེལ་མཐུད་ལས་ཁང་དུ་ཕྱག་ལས་གནང་མུས་ཡིན་འདུག
གཞན་ཕན་ཐེབས་རྩ་ཚོགས་པ་ནི། དགེ་འདུན་པ་བསོད་ནམས་ཕུན་ཚོགས་ལགས་ཀྱིས་གཙོ་འགན་བཞེས་པའི་སྒོ་ནས་སྤྱི་ལོ་༢༠༢༠ལོར་ཐོག་མར་འགོ་འཛུགས་གནང་བ་ཞིག་ཡིན་འདུག་ཅིང་། རྒྱུན་དུ་བོད་མི་ནད་པ་དང་སློབ་ཕྲུག་ཚོར་རོགས་རམ་གནང་མུས་ཡིན་འདུག
རྒྱ་གར་གྱི་མཱ་ཡེསོར་(Mysore)་གཙུག་ལག་སློབ་ཆེན་ནི། རྒྱ་གར་ལྷོ་ཕྱོགས་(Karnataka)་མངའ་སྡེར་སྤྱི་ལོ་༡༩༡༦ལོར་གསར་བཙུགས་གནང་བ་དང་། མངའ་སྡེ་དེའི་གཙུག་ལག་སློབ་ཆེན་ཐོག་མ་དང་རྒྱ་གར་གྱི་གཙུག་ལག་སློབ་ཆེན་རྙིང་གྲས་དྲུག་པ་དེ་ཡིན་པ་རེད།

གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིས་རྒྱ་ནག་དང་གདོང་ཐུག་གིས་ར་ཤེ་ཡར་རོགས་རམ་བྱེད་སྟངས་ཐད་འདྲི་རྩད་བྱས་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎