༧གོང་ས་མཆོག་ང་ཚོའི་བོད་ཀྱི་བླ་ཆེན་ཡིན་པ་བརྗོད་འདུག
2017.01.11
ཕྱི་རྒྱལ་གྱི་གསར་འགོད་པ་ལྔ་རྒྱ་ནག་གི་གསར་འགོད་པ་དང་། སྣེ་ཤན་པ། སྐད་བསྒྱུར་བ་བཅས་དང་མཉམ་ཟི་ཁྲོན་རྔ་བ་རང་སྐྱོང་ཁུལ་དུ་བསྐྱོད་སྐབས། ཁུལ་དེའི་བླ་ཆེན་ཞིག་དང་། བོད་མི་དཀྱུས་མར་བཅར་འདྲི་བྱས་དུས། ཁོང་རྣམས་ཀྱིས་༧གོང་ས་རྒྱལ་བ་སྐྱབས་མགོན་ཆེན་པོ་མཆོག་ནི་བོད་ཀྱི་བླ་ཆེན་ཞིག་ཡིན་པ་དང་། མགོན་པོ་གང་ཉིད་ལ་དད་གུས་ཆེན་པོ་ཡོད་སྐོར་ལན་འདེབས་བྱས་ཡོད་ལུགས་World Asia་ཞེས་པའི་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག
དེ་ཡང་རྒྱ་ནག་གི་དཔོན་རིགས་དང་། སྣེ་ཤན་པས་འགོ་ཁྲིད་པའི་ཕྱི་རྒྱལ་གྱི་གསར་འགོད་པ་ལྔ་བོ་དེ་རྔ་པ་རང་སྐྱོང་ཁུལ་དང་། ཟི་ཁྲོན་ཞིང་ཆེན་ཁུལ་དུ་བསྐྱོད་ཡོད་པ་དང་། ས་ཁུལ་དེ་ཚོའི་ནང་གནས་སྡོད་བྱེད་མཁན་ཡུལ་མི་བརྒྱ་ཆ་ལྔ་བཅུ་ལྷག་བོད་མི་ཡིན་ལུགས་བཀོད་འདུག
ཡང་ཁོང་རྣམས་ས་ཁུལ་དེ་ཚོའི་ནང་འགྲོ་བསྐྱོད་བྱེད་སྐབས་ཆོས་དད་ནི་སྤྱི་ཚོགས་རིང་ལུགས་གཞིར་བཟུང་བྱེད་དགོས་པ་དང་། རྒྱལ་ཁབ་ལ་དགའ་མོས་བྱེད། ཆོས་ལ་དགའ་མོས་བྱེད། གུན་ཁྲན་ཚོགས་པར་དགའ་མོས་བྱེད་དགོས་ཞེས་པ་སོགས་དང་། དེ་བཞིན་ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས་ཞེས་པ་སོགས་ཀྱི་བརྗོད་ཚིག་འཁོད་པའི་དྲིལ་བསྒྲགས་ཀྱི་གྱང་སྦྱར་ཆེན་པོ་དེ་འདྲ་མང་པོ་མཐོང་རྒྱུ་ཡོད་ལུགས་བཀོད་འདུག
ཡང་རྔ་བ་ཁུལ་གྱི་བླ་ཆེན་ཞིག་མཇལ་རྒྱུ་དང་བཅར་འདྲི་ཞུ་རྒྱུའི་གོ་སྐབས་བྱུང་སྐབས་བླ་ཆེན་དེར་སྣེ་ཤན་པ་དང་། རྒྱ་ནག་གི་དཔོན་རིགས་ཚོས་ཀྱང་གུས་བཀུར་བྱེད་ཀྱི་འདུག ཁོང་ལ་སིང་གྷ་པུར་ནས་ཡིན་པའི་གསར་འགོད་པས་ཁྱེད་རང་ཏཱ་ལའི་བླ་མའི་སྐོར་དགོངས་ཚུལ་ག་རེ་ཡོད་དམ་དྲིས་པར། ཁོང་གིས་དབུགས་རིང་ཞིག་བཏང་ནས་ཏཱ་ལའི་བླ་མ་དང་། པན་ཆེན་རིན་པོ་ཆེ། དེ་བཞིན་བླ་མ་མང་པོ་ཞིག་བླ་ཆེན་རེད། ང་ཚོས་ཁོང་རྣམ་པར་གུས་བཀུར་ཞུ་གི་ཡོད་ཅེས་ལན་འདེབས་གནང་འདུག
ཁོང་གིས་རྒྱ་ནག་གིས་བཤད་བཞིན་པའི་ཏཱ་ལའི་བླ་མ་ཁ་བྲལ་བ་ཞིག་རེད་ཟེར་བའི་སྐོར་ལ་ལན་འདེབས་གང་ཡང་གནང་མ་སོང་། དེ་ནི་རྒྱ་ནག་གི་གནོན་ཤུགས་དང་། ཁོར་ཡུག་ལ་མ་འཛེམས་པར་ཁོང་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱབ་སྐྱོར་ཡོད་པའི་རྣམ་
པ་སྟོན་པ་ཞིག་ཡིན་ལུགས་འཁོད་འདུག
དེ་བཞིན་མཚན་མོ་ཞིག་སྣེ་ཤན་པ་དང་དཔོན་རིགས་ཀྱིས་ཧ་མ་གོ་བའི་ཐོག་ཕྱི་ལ་ཕྱིན་ནས་བོད་རིགས་ཚོང་པ་གཞོན་སྐྱེས་ཞིག་ལ་སྐད་ཆ་བཤད་སྐབས། ཁོང་གིས་ཀྱང་ལག་གཉིས་ཐལ་མོ་སྦྱར་ནས་༧གོང་ས་མཆོག་ལ་གུས་བརྩི་ཆེན་པོ་ཡོད་ཅེས་ལན་འདེབས་བྱས་ཡོད་ལུགས་ཡང་བཀོད་འདུག
ཁོང་ཚོས་བདུན་གཅིག་གི་སྐོར་བསྐྱོད་ཚར་རྗེས་རྒྱ་ནག་གི་གསར་འགོད་པ་ཚོས་བོད་ལ་ཡར་རྒྱས་ཆེན་པོ་ཕྱིན་ཡོད་པ་དང༌། ཕྱི་རྒྱལ་གྱི་གསར་འགོད་པས་བོད་ཀྱི་མཛེས་སྡུག་དང་ཡར་རྒྱས་ལ་བསྔགས་བརྗོད་བྱེད་ཀྱི་ཡོད་ལུགས་སོགས་བཀོད་པ་ལས་བོད་ནང་འགྲོ་སྐྱོད་བྱ་རྒྱུར་དམ་བསྒྲགས་ཡོད་པ་དང་། བླ་ཆེན་དེས་གང་གསུངས་པ། བོད་ཀྱི་གྲོང་གསེབ་ཁག་གི་གནས་སྟངས་སོགས་དངོས་ཡོད་གནས་ཚུལ་གང་ཡང་བཀོད་སྤེལ་བྱས་མི་འདུག་ཅེས་བཀོད་འདུག
གསར་འགོད་པ་ཚེ་དབང་དངོས་གྲུབ།