༧གོང་ས་མཆོག་བྷེང་ལོར་ལ་ཆིབས་བསྒྱུར་གནང་གཏན་འཁེལ་འདུག
2017.05.17
བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་སྙན་གྲགས་ཆེ་བའི་མི་སྣ་(Dr.Ambekar)་མཆོག་འཁྲུངས་ནས་ལོ་༡༢༦་འཁོར་བའི་དུས་ཆེན་གྱི་མཛད་སྒོའི་ཐོག་དབུ་བཞུགས་མཛད་འཆར་འདུག
དེ་ཡང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་འདི་ཟླའི་ཚེས་༢༢་ཉིན་རྒྱ་གར་ལྷོ་ཕྱོགས་ཀྱི་བཟོ་རྩལ་རིག་གནས་ཀྱི་གྲོང་ཁྱེར་ཆེན་པོ་བྷེང་ལོར་ནང་ཆིབས་བསྒྱུར་བསྐྱངས་གནང་གིས། ཕྱི་ཚེས་༢༣་ཉིན་རྒྱ་གར་གྱི་རྩ་ཁྲིམས་གསར་བཟོ་གནང་མཁན་གཙོ་བོ་དང་སྲིད་དོན་པ་གྲགས་ཅན། ལྷག་དོན་དུ་བེུད་ཀྱི་ཐོབ་ཐང་དང་ངལ་རྩོལ་བའི་ཐོབ་ཐང་རྩོད་གླེང་གནང་མཁན་མ་ཟད། རྒྱ་གར་ནང་གི་རིགས་རུས་དམའ་བ་ཚོར་དབྱེ་འབྱེད་ལ་ཁ་གཏད་གནང་མཁན་(Dr. Bhimarao Ramji Ambedkar)་མཆོག་དང་། ཡང་(Baba་Saheb Ambedkar)་ཞུ་བ་འཁྲུངས་ནས་ལོ་༡༢༦་འཁོར་བའི་དུས་ཆེན་གྱི་མཛད་སྒོའི་ཐོག་དབུ་བཞུགས་མཛད་ནས་(Dr. Ambedkar་ Bhavan) ཞེས་པའི་ཚོགས་ཁང་ཆེན་མོའི་ནང་མང་ཚོགས་ལ་བཀའ་སློབ་བཀྲིན་ཆེ་གནང་མཛད་གཏན་འཁེལ་འདུག
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ད་རེས་བྷེལ་ལོར་གྲོང་ཁྱེར་ནང་གདན་ཞུའི་གསོལ་འདེབས་ཞུ་མཁན་གཙོ་བོ་ནི། རྒྱ་གར་ལྷོ་ཕྱོགས་(Karnataka)་མངའ་སྡེའི་གཞུང་ཡིན་པ་དང་། དེར་ཁུལ་དེར་རྟེན་གཞི་བྱེད་པའི་(Triple་Gem)ཞེས་པའི་ནང་པའི་ཆོས་ཚོགས་དང་། དེ་བཞིན་སེར་བྱེས་ཁེ་གཉེར་གྲ་ཚང་གཉིས་ཀྱིས་རམ་འདེགས་ཞུས་པ་ཞིག་ཡིན་འདུག
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མཛད་འཕྲིན་དེ་བསྐྱངས་གནང་ལེགས་གྲུབ་བྱུང་བའི་རྗེས་སུ། བཞུགས་སྒར་རྡ་རམ་ས་ལའི་ཕྱོགས་སུ་ཆིབས་ཁ་བསྒྱུར་གནང་མཛད་འཆར་ཡོད་པ་རེད།
གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།