ཡག་སྡུག་གང་ཡིན་རུང་གསར་འགོད་པ་ཚོས་ཕྱོགས་ལྷུང་མེད་པའི་སྒོ་ནས་གནས་ཚུལ་སྤེལ་གལ་ཆེ། ༧གོང་ས་མཆོག་གིས།

2021.02.02
Share on WhatsApp
Share on WhatsApp
ཡག་སྡུག་གང་ཡིན་རུང་གསར་འགོད་པ་ཚོས་ཕྱོགས་ལྷུང་མེད་པའི་སྒོ་ནས་གནས་ཚུལ་སྤེལ་གལ་ཆེ། ༧གོང་ས་མཆོག་གིས། སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག
AFP

གནས་ཚུལ་ཡག་སྡུག་གང་ཡིན་རུང་གསར་འགོད་པ་ཚོས་ཕྱོགས་ལྷུང་མེད་པའི་སྒོ་ནས་གནས་ཚུལ་བཀོད་སྤེལ་དགོས་གལ་ཆེ་བ་སྤྱི་ནོར༧གོང་ས་མཆོག་གིས་རྒྱ་གར་གྱི་(The Tribune)གསར་སྤེལ་ཁང་བཙུགས་ཏེ་ལོ་ངོ་༡༤༠འཁོར་བའི་དུས་དྲན་ཐོག་བཀའ་སྩལ་འདུག
རྒྱ་གར་ནང་གྲགས་ཆེ་བའི་(The Tribune)གསར་སྤེལ་ཁང་བཙུགས་ཏེ་ལོ་ངོ་༡༤༠འཁོར་བའི་དུས་དྲན་ཐོག བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། རྒྱ་གར་གྱི་སྲིད་བློན་སྐུ་ཞབས་ནཱ་རན་དྷི་ར་མོ་དྷི། དེ་བཞིན་རྒྱ་གར་གྱི་སྲིད་འཛིན་སྐུ་ཞབས་(Ram Nath Kovind)བཅས་ཀྱིས་མཚམས་འདྲིའི་གསུང་འཕྲིན་སྩལ་འདུག་ཅིང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་སྩལ་བའི་གསུང་འཕྲིན་ནང་། (The Tribune)གསར་སྤེལ་ཁང་ཐོག་མར་གསར་འཛུགས་གནང་མཁན་གྱིས་རྒྱ་གར་གྱི་སྤྱི་ཚོགས་ཁྲོད་ཤེས་ཡོན་ནི་ཧ་ཅང་གི་གལ་གནད་ཆེན་པོ་ཞིག་ལ་ངོས་འཛིན་གྱིས་ཐོག་མ་གསར་འཛུགས་གནང་བ་ཞིག་ཡིན་པ་མ་ཟད། དེ་སྔ་རྒྱ་གར་འདི་གཞིན་དབྱིན་ཇིའི་མངའ་འོག་ཏུ་ཡོད་པའི་སྐབས། རྒྱ་གར་རང་ཉིད་ཀྱི་ངོ་བོ་མུ་མཐུད་རྒྱུན་འཛིན་ཡོང་བར་ཤེས་ཡོན་ནི་ཧ་ཅང་གི་དགོས་མཁོ་ཆེ་བ་ཞིག་ལ་གཟིགས་ཏེ་གསར་ཁང་དེ་ཉིད་ཆེད་འཛུགས་གནང་བ་ཞིག་ཡིན་ཞིང་། སྤྱིར་དེང་གི་སྤྱི་ཚོགས་ནང་གསར་འགྱུར་བརྒྱུད་ལམ་ནི་ཧ་ཅང་གི་གལ་འགངས་ཆེ་ཞིང་། ལྷག་པར་དུ་སྤྱི་ཚོགས་ཡར་རྒྱས་དང་འབྲེལ་བའི་ལྟ་ཚུལ་མི་འདྲ་བ་ཡོད་པ་དེ་དག་མི་མང་གིས་ཤེས་རྟོགས་ཡོང་བར་གསར་འགྱུར་བརྒྱུད་ལམ་ཁག་གིས་ཞབས་འདེགས་ཞུ་ཐུབ་ངེས་ཡིན་ལ། གནས་ཚུལ་ཡག་སྡུག་གང་ཡིན་རུང་གསར་འགོད་པ་ཚོས་ཕྱོགས་ལྷུང་མེད་པའི་སྒོ་ནས་བཀོད་སྤེལ་དགོས་གལ་ཆེ་བའི་སྐོར་བཀའ་སྩལ་འདུག
ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྩལ་བའི་གསུང་འཕྲིན་དེའི་ནང་། རྒྱ་གར་གྱི་གནའ་བོའི་རིག་གཞུང་རྒྱུན་འཛིན་བྱ་རྒྱུའི་གལ་གནད་སྐོར་བཀའ་གནང་ཞིང་། བྱམས་བརྩེ་དང་ཞི་བདེ། སྙིང་རྗེ་སོགས་དང་འབྲེལ་བའི་རྒྱ་གར་གྱི་གནའ་བོའི་རིག་གཞུང་གི་རིན་ཐང་མཁྱེན་པའི་སྒོ་ནས། ང་ཚོ་མཉམ་རུབ་ཀྱི་ཐོག་ནས་རིག་གཞུང་དེ་སླར་གསོ་བྱས་པ་ཡིན་ན། འབྱུང་འགྱུར་རྒྱ་གར་ཙམ་མིན་པར་འཛམ་གླིང་ཁྱོན་ཡོངས་ལ་ཞལ་འདེབས་སྒྲུབ་ཐུབ་ཅེས་བཀའ་གནང་འདུག་པ་མ་ཟད། དེའི་ཐད་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་འཆི་མེད་རིག་འཛིན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།
ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། ལོ་ངོ་༦༡ཙམ་གྱི་གོང་དུ་ངོས་རང་གི་རྒྱལ་ཁབ་བཞག་སྟེ་རྒྱ་གར་ལ་སྐྱབས་བཅོལ་དང་རང་དབང་གི་ཆེད་དུ་ཡོང་དགོས་བྱུང་བ་རེད། དེ་ནས་བཟུང་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་ཚན་རིག་པ་དང་། ཆོས་ཕྱོགས་དབུ་ཁྲིད། མཁས་པ་སོགས་དང་མཇལ་འཕྲད་ཀྱི་གོ་སྐབས་མང་པོ་ཞིག་ཀྱང་ཐོབ་ཡོད་པ་དང་། ང་ཚོ་ཐོག་མར་རྒྱ་གར་ལ་འབྱོར་བའི་སྐབས་རྒྱ་གར་གཞུང་གི་ངོས་ནས་ཤེས་ཡོན་གྱི་གོ་སྐབས་དང་བོད་མི་དགེ་འདུན་པ་རྣམས་ལ་མཐུན་སྦྱོར་རོགས་རམ་གནང་བར་བརྟེན་ནས། ད་ཆ་བོད་མིའི་ངོས་ནས་རྒྱ་གར་གྱི་གནའ་བོའི་རིག་གཞུང་དེ་མུ་མཐུད་དུ་བདག་གཅེས་དང་སློབ་སྦྱོང་བྱེད་མུས་ཡིན་ཅེས་དང་། རྒྱ་གར་ལ་གནའ་རབས་ནས་ཚད་མ་རིག་པ་དང་། རྒྱུ་མཚན་གཞིར་བཞག་གི་རིག་གཞུང་ཞིག་ཡོད་པ་དེར་ངོས་ནས་གདེང་སྤོབས་སྐྱེས་བཞིན་ཡོད་པ་མ་ཟད། རིག་གཞུང་དེ་ཆོས་ལུགས་དང་མ་འབྲེལ་བའི་ཐོག་ནས་དེང་གི་ཤེས་ཡོན་ལམ་ལུགས་ནང་འཇོག་ཐུབ་ལ། དེང་གི་ཤེས་ཡོན་སློབ་གསོའི་ནང་བསམ་བློའི་གནས་ཚད་ཡར་རྒྱས་དང་མཉམ་དུ་བཟང་སྤྱོད་ཀྱི་ཤེས་ཡོན་སྤྲོད་དགོས་གལ་ཆེ་བའི་སྐོར་བཀའ་གནང་ཞིང་། འགྲོ་བ་མི་རྣམས་མཉམ་རུབ་ཀྱི་ཐོག་ནས་མི་ཚེ་དོན་ལྡན་ཞིག་ཡོང་བར་གཙོ་བོ་ཞི་བདེ་དང་བྱམས་བརྩེའི་གཤིས་རྒྱུད་དགོས་གལ་ཆེ་བ་མ་ཟད། གཤིས་རྒྱུད་དེ་གཉིས་ནི། ཚད་མ་རིག་པ་དང་མཐུན་པ་ཙམ་མ་ཟད། ཚང་མ་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་ཡོད། ཆོས་ཁས་ལེན་བྱེད་ཀྱི་ཡོད་མིན་ལ་མ་ལྟོས་པར། གལ་ཏེ་འགྲོ་བ་མི་རྣམས་ཀྱིས། རང་ཉིད་ཀྱི་ཉིན་རེའི་འཚོ་བའི་ནང་བྱམས་བརྩེ་དང་ཞི་བདེའི་ཐོག་ལ་བསམ་བློ་བཏང་བ་ཡིན་ཚེ། འཛམ་གླིང་ནང་ཡར་རྒྱས་ཀྱི་རྣམ་པ་ཐོན་ངེས་ཡིན་ཞེས་བཀའ་གནང་ཡོད་པ་རེད།
མཐའ་དོན། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། མཐར་ཐུག་གི་བདེ་སྐྱིད་དང་ཞི་བདེ་བཅས་ཀྱི་འབྱུང་ཁུངས་ནི་བྱམས་བརྩེ་གོང་འཕེལ་གཏོང་རྒྱུ་དེ་ཡིན་ཞིང་། དེ་ནི་འཕྲུལ་ཆས་ཉོ་ཚོང་བྱེད་པ་ལྟར་མིན་པར་ང་ཚོའི་གཤིས་རྒྱུད་ལ་ཡོད་པ་དང་། རང་ངོས་ནས་བྱམས་བརྩེ་གོང་འཕེལ་གཏོང་ཐབས་སུ་འབད་དགོས་ལ། ང་ཚོས་རང་ཉིད་ཀྱི་རྣམ་དཔྱོད་དང་སྤྱོད་བཟང་གཉིས་ཟུང་འབྲེལ་བྱས་པ་ཡིན་ན། རང་ཉིད་ལ་དོན་དམ་གྱི་བདེ་སྐྱིད་ཐོབ་ངེས་ཡིན་པ་མ་ཟད། ཉེ་འཁོར་ལ་ཡང་དེ་དེ་བཞིན་ཡོང་ངེས་ཡིན། རྒྱ་གར་རང་ཉིད་ལ་ནང་སེམས་ཁམས་དང་འབྲེལ་བའི་གནའ་བོའི་རིག་གཞུང་དང་དེང་གི་ཤེས་ཡོན་གཉིས་ཟུང་འབྲེལ་ཐུབ་པའི་ནུས་པ་ཡོད་པ་མ་ཟད། དེ་ནི་འཛམ་གླིང་ཁྱོན་ཡོངས་ལ་དགོས་ངེས་ཀྱི་གནད་དོན་ཞིག་ཀྱང་ཡིན། དེར་བརྟེན། ང་ཚོ་ཚང་མས་ནུས་པ་མཉམ་སྤུངས་ཀྱི་ཐོག་ནས་ཕྱག་ལས་གནང་བ་ཡིན་ན། རྒྱ་གར་གསར་པའི་ངོས་ནས་སའི་གོ་ལ་ཁྱོན་ཡོངས་ལ་ཞབས་འདེགས་བསྒྲུབ་ཐུབ་ཅེས་བཀའ་གནང་འདུག
གོང་ཞུས་(The Tribune)གསར་སྤེལ་ཁང་ནི། སྤྱི་ལོ་༡༨༨༡ལོར་རྒྱ་གར་(Punjab)མངའ་སྡེའི་ནང་གསར་འཛུགས་གནང་བ་དང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསར་སྤེལ་ཁང་དེའི་རྩོམ་སྒྲིག་འགན་འཛིན་སྐུ་ཞབས་(Rajesh Ramachandran)ལགས་ཀྱིས་གསུང་ན། ༧གོང་ས་ཏཱ་ལའི་བླ་མ་མཆོག་ནི། ང་ཚོའི་གསར་ཤོག་ཀློག་མཁན་གྱི་མི་སྣ་གལ་ཆེ་ཞིག་ཡིན་པ་མ་ཟད། ཆེས་བཀུར་འོས་པའི་རླབས་ཆེན་གྱི་མི་སྣ་ཞིག་ཡིན། ང་ཚོའི་གསར་སྤེལ་ཁང་བརྒྱུད་ནས་ཁོང་གི་བྱམས་བརྩེ་རང་བཞིན་གྱི་བཀའ་སློབ་ལམ་སྟོན་དེ་དག་རྒྱ་ཆེའི་ཀློག་པ་པོ་ཚོས་གཟིགས་ཐུབ་པ་བྱུང་ཡོད། དེར་བརྟེན། ད་རེས་ང་ཚོའི་གསར་སྤེལ་ཁང་འགོ་ཚུགས་ནས་ད་བར་མི་ལོ་༡༤༠འཁོར་བ་དང་བསྟུན་༧གོང་ས་མཆོག་ལ་གསོལ་འདེབས་ཞུས་པ་བཞིན། གསུང་འཕྲིན་འདི་སྩལ་བ་ཞིག་ཡིན་ཞེས་འགྲེལ་བརྗོད་གནང་ཡོད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
སྲིད་སྐྱོང་མཆོག་གིས་རྒྱ་ནག་གི་བྱ་སྤྱོད་ལ་ཡིད་གཟབ་གནང་དགོས་བ་ཉི་ཧོང་དུ་གསུངས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎