༧གོང་ས་མཆོག་གིས་ཨ་མི་རི་ཀའི་གྲོང་ཁྱེར་ཆེ་གྲས་བདུན་གྱི་སྤྱི་ཁྱབ་ཚོར་མཇལ་ཁ་དང་བཀའ་སློབ་བསྩལ་འདུག

2022.12.05
༧གོང་ས་མཆོག་གིས་ཨ་མི་རི་ཀའི་གྲོང་ཁྱེར་ཆེ་གྲས་བདུན་གྱི་སྤྱི་ཁྱབ་ཚོར་མཇལ་ཁ་དང་བཀའ་སློབ་བསྩལ་འདུག ༧གོང་ས་མཆོག་གིས་ཨ་མི་རི་ཀའི་གྲོང་ཁྱེར་ཆེ་གྲས་བདུན་གྱི་སྤྱི་ཁྱབ་ཚོར་མཇལ་ཁ་དང་བཀའ་སློབ་བསྩལ་སྐབས། ༡༢།༠༥།༢༠༢༢
OHHDL

དེ་ཡང་སྤྱི་ཟླ་༡༢བའི་ཚེས་༥ཉིན་གྱི་སྔ་དྲོ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ཨ་མི་རི་ཀའི་(Louisville)་གྲོང་ཁྱེར་སྤྱི་ཁྱབ་སྐུ་ཞབས་(Greg Fischer)་ལགས་ཀྱིས་སྣེ་ཁྲིད་པའི་ཨ་རིའི་གྲོང་ཁྱེར་ཆེ་གྲས་བདུན་གྱི་སྤྱི་ཁྱབ་པ་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་བཞུགས་སྒར་དུ་ཕེབས་པར་མཇལ་ཁ་དང་བྱམས་བརྩེ་ལྡན་པའི་སྤྱི་ཚོགས་ཤིག་སྐྲུན་དགོས་པའི་གལ་གནད་སྐོར་བཀའ་སློབ་བསྩལ་བའི་ནང་། གོ་ལ་འདིའི་ནང་འགྲོ་བ་མི་ཐེར་འབུམ་བདུན་ནས་བརྒྱད་བར་ཡོད་པ་ཚང་མས་གཅེན་གཅུང་གི་འདུ་ཤེས་བཟུང་བའི་སྒོ་ནས་འགྲོ་བ་མི་གཅིག་གྱུར་ཡིན་པ་ངོས་ཀྱིས་དུས་རྒྱུན་བརྗོད་ཀྱི་ཡོད། སྐབས་རེར་འགྲོ་བ་མི་ཕན་ཚུན་གསོད་རེས་བྱེད་ཀྱི་ཡོད་པ་དེ་ནི་ནོར་འཁྲུལ་ཚབས་ཆེན་ཡིན། དེ་ལས་ལྡོག་སྟེ་ཚང་མས་སྤུན་གྲོགས་ཀྱི་འདུ་ཤེས་བཟུང་བའི་སྒོ་ནས་ཕན་ཚུན་རོགས་རམ་གནང་རྒྱུ་ནི་དགོས་གལ་ཆེ་ཞིང་། ལྷག་དོན་དུ་ཆོས་དད་ཡོད་མིན་ལ་མ་བལྟོས་པར་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ནི་བྱམས་བརྩེ་གོང་འཕེལ་ཡོང་བར་ཧ་ཅང་གི་གལ་འགངས་ཆེན་པོ་ཆགས་ཡོད་ཅེས་བཀའ་གནང་འདུག
ཐེངས་འདིའི་ཨ་མི་རི་ཀའི་གྲོང་ཁྱེར་སྤྱི་ཁྱབ་པ་རྣམས་ཀྱི་མཇལ་ཁའི་སྐབས། ཕ་རྒྱ་གར་བ་དང་ཨ་མ་བོད་རིགས་ཡིན་པ་ཨ་རིའི་(Cincinnati)་གྲོང་ཁྱེར་གྱི་སྤྱི་ཁྱབ་སྐུ་ཞབས་(Aftab Karma Singh Pureval)་ལགས་དང་། (Louisville)་ གྲོང་ཁྱེར་སྤྱི་ཁྱབ་སྐུ་ཞབས་(Greg Fischer)་ལགས། (Pittsburgh)་གྲོང་ཁྱེར་སྤྱི་ཁྱབ་སྐུ་ཞབས་(Bill Peduto)་ལགས། (Oakland)་གྲོང་ཁྱེར་སྤྱི་ཁྱབ་ལྕམ་(Libby Schaaf)་ལགས། (San leandro)་གྲོང་ཁྱེར་སྤྱི་ཁྱབ་(Pauline Cutter)་ལགས། དེ་བཞིན་དེ་སྔ་འདས་གྲོངས་སུ་ཕྱིན་པའི་ཨ་རིའི་ཁུ་ཚུར་རྩལ་འགྲན་པ་གྲགས་ཅན་སྐུ་ཞབས་(Muhammad Ali)་ལགས་ཀྱི་སྐུ་ཟླ་ལྕམ་(Lonnie Ali)་ལགས་བཅས་ཡོད་པ་རེད།
མཇལ་ཁའི་རྗེས་སྐུ་ཞབས་(Aftab Karma Sing Pureval)་ལགས་ཀྱིས་གསར་འགོད་པ་ཚོར། ང་ནི་བཙན་བྱོལ་དུ་ཁ་ཐོར་གནས་པའི་བོད་མིའི་ཆ་ཤས་ཤིག་ཡིན་ཞིང་། ད་རེས་བཞུགས་སྒར་རྡ་རམ་ས་ལར་དངོས་སུ་ཆེད་བཅར་གྱིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་འདི་ལྟ་བུའི་མཇལ་ཁ་ཞུས་པ་ནི་ངའི་མི་ཚེའི་ལོ་རྒྱུས་ནང་ཐེངས་དང་པོ་ཡིན། གཞི་རྩའི་ཆ་ནས་ང་ནི་ཨ་མི་རི་ཀའི་གྲོང་ཁྱེར་ཆེ་གྲས་ཤིག་གི་སྤྱི་ཁྱབ་ཏུ་བདམས་ཐོན་བྱུང་བ་དེ་ནི་བཙན་བྱོལ་བོད་མིའི་ལོ་རྒྱུས་ནང་ཆེས་ཐོག་མ་དེ་ཆགས་ཀྱི་ཡོད་པ་མ་ཟད། དེའི་བརྒྱུད་ནས་གོ་སྐབས་ཀྱང་མང་དག་ཅིག་ཡོད་པ་མཐོང་གི་འདུག་ཅེས་དང་། ངའི་ཨ་མར་མཚོན་ན། བཙན་བྱོལ་བོད་མི་གཞན་ལྟར་རང་ཡུལ་བཞག་སྟེ། གཞན་ཡུལ་དུ་བྲོས་བྱོལ་དུ་ཕེབས་དགོས་བྱུང་ཡོད། ད་རེས་ང་རང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མཇལ་ཏེ་། ངས་མགོན་པོ་གང་ཉིད་མཆོག་ལ་ང་ཨ་རིར་གནས་སྡོད་བོད་མི་ཞིག་ཡིན་པའི་ཆགས་ནས་བོད་མིའི་དོན་དུ་ཕྱག་ལས་ག་རེ་གནང་ཐུབ་མིན་སྐོར་བཀའ་འདྲི་དགོངས་སྐོར་ཞུས་པར། ༧གོང་ས་མཆོག་གིས། བཀའ་ལན་ཧ་ཅང་གི་སྟབས་བདེ་ཞིག་གནང་སོང་། དེ་ཡང་ཕྱག་ལས་གནང་བའི་སྐབས་ལ། བོད་མིའི་སྤྱི་ཚོགས་ཙམ་མིན་པར་། འགྲོ་བ་མི་སྤྱིའི་བདེ་རྩར་ཕན་པའི་བྱ་བ་བསྒྲུབ་དགོས་པའི་བཀའ་གནང་སོང་། ཅེས་གསུང་བྱུང་།

2022-12-05-Dharamsala-G02_DSC7286.jpg
དགུང་ལོ་༤༠ཡིན་པའི་སྐུ་ཞབས་(Aftab Karma Sing Pureval)་ལགས་ནི། ལོ་མང་རིང་ཨ་རིའི་(Cincinnati)་གྲོང་ཁྱེར་ལས་ཁུངས་སུ་ཕྱག་ལས་གནང་མྱོང་འདུག་པ་མ་ཟད། ༢༠༢༡་ལོར་གོང་ཞུས་གྲོང་ཁྱེར་དེའི་སྤྱི་ཁྱབ་ཏུ་བདམས་ཐོན་བྱུང་ཡོད་པ་རེད། དགུང་ལོ་༡༣སྐབས་བོད་ཀྱི་རྒྱལ་ས་ལྷ་སར་ཕེབས་མྱོང་ཡོད་འདུག
ཡང་སྐུ་ཞབས་ཁོང་གིས་མུ་མཐུད་གསུངས་དོན། ད་རེས་བརྒྱུད་ལམ་འདི་བརྒྱུད་ནས། ངས་བོད་ནང་གི་བོད་མི་ཚོར་ཞུ་རྒྱུར། ཁྱོད་ཚོའི་ན་ཟུག་དང་འཐབ་རྩོད་ཡོང་རྫོགས་ང་ཚོས་རྟག་ཏུ་ཚོར་གྱི་འདུག་ལ། དེ་དག་ནམ་ཡང་བརྗེད་མི་སྲིད། བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་མི་ཉམས་རྒྱུན་འཛིན་བྱེད་རྒྱུ་ནི་ཁྱེད་ཚོ་ཙམ་མིན་པར། བཙན་བྱོལ་དུ་ཡོད་པའི་བོད་མི་ཚོ་ལ་ཡང་གཅིག་མཚུངས་ཀྱི་འོས་འགན་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་།
ད་རེས་ཨ་རིའི་གྲོང་ཁྱེར་སྤྱི་ཁྱབ་པ་ཚོ་སྣེ་ཁྲིད་གནང་མཁན་(Louisville)་གྲོང་ཁྱེར་སྤྱི་ཁྱབ་སྐུ་ཞབས་(Greg Fischer)་ལགས་ཀྱིས། ཨ་རིའི་གྲོང་ཁྱེར་སྤྱི་ཁྱབ་ཚོགས་ཆུང་འདི་ཆེད་དུ་རྡ་རམ་ས་ལར་ཕེབས་དགོངས་དོན་ནི། ༧གོང་ས་ཏཱ་ལའི་བླ་མའི་དྲུང་ནས་བཀའ་སློབ་ལམ་སྟོན་ཞུ་རྒྱུ་དེ་ཡིན། གང་ཉིད་མཆོག་ནས་ལོ་མང་རིང་ང་ཚོར་སེམས་ཤུགས་སྦྱིན་མུས་ཡིན་པ་མ་ཟད། ལྷག་ཏུ་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་རླབས་ཆེན་གྱི་མཛད་རྗེས་དང་ལམ་སྟོན་ལ་བརྟེན་ནས་ད་སྐབས་ང་ཚོའི་གྲོང་ཁྱེར་ཆེས་ཁག་ནང་དུ་ཆོས་ལུགས་ལ་མ་བརྟེན་པའི་བཟང་པོའི་ཡོན་ཏན་ལག་བསྟར་བྱེད་མུས་ཡིན། ད་རེས་མཇལ་ཁའི་སྐབས་སུ་ཡང་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་ལམ་སྟོན་གནང་བ་བཞིན། གང་ཐུབ་ཀྱིས་བྱམས་བརྩེ་ལྡན་པའི་སྤྱི་ཚོགས་སྐྲུན་ཐབས་ལ་འབད་ཀྱི་ཡིན་ཞེས་འགྲེལ་བརྗོད་གནང་བྱུང་།
ད་སྐབས་(Louisville)་གྲོང་ཁྱེར་ནང་སྐུ་ཞབས་ཁོང་གི་སྣེ་ཁྲིད་འོག་བྱམས་བརྩེ་དང་སྙིང་རྗེ་ལྡན་པའི་སྤྱི་ཚོགས་བསྐྲུན་ཐབས་ཀྱི་ལས་གཞི་སྤེལ་མུས་ཡིན་པ་དང་། གྲོང་ཁྱེར་དེ་ལ་བྱམས་བརྩེའི་གྲོང་ཁྱེར་ཡང་འབོད་ཀྱི་ཡོད་འདུག་ཅིང་། གྲོང་ཁྱེར་དེར་རྟེན་གཞི་བྱས་པའི་འབྲས་སྤུངས་སྒོ་མང་གྲྭ་ཚང་ཆོས་ཚོགས་ཀྱི་དགེ་བཤེས་རབ་རྒྱལ་ལགས་ཀྱིས། གྲོང་ཁྱེར་སྤྱི་ཁྱབ་པ་སྐུ་ཞབས་(Greg Fischer)་ལགས་ཀྱིས། ༧གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་གཞིར་བཞག་གིས། གྲོང་ཁྱེར་དེའི་ནང་སློབ་གྲྭ་༢༨ནང་བྱམས་བརྩེའི་སློབ་གཞི་ལག་བསྟར་གནང་བཞིན་ཡོད་པ་འགྲེལ་བརྗོད་གནང་བྱུང་།

317613252_3069857429978237_1575801693347096108_n (1).jpg
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་གྲུབ་པའི་རྗེས། སྐུ་ཞབས་(Aftab Karma Sing)་ལགས་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་གངས་སྐྱིད་དུ་ཆེད་ཕེབས་ཀྱིས། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་གཙོས་པའི་བཀའ་བློན་རྣམ་པ་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་གཙོས་པའི་སྤྱི་འཐུས་དང་བོད་མིའི་སྒྲིག་འཛུགས་ཀྱི་གནད་ཡོད་མི་སྣ་ཁག་ཅིག་དང་མཇལ་འཕྲད་གནང་བ་དང་། བོད་ཀྱི་དཔེ་མཛོད་ཁང་དང་། བོད་ཀྱི་འགྲེམས་སྟོན་ཁང་། དེ་བཞིན་བཞུགས་སྒར་ཉེ་འདབས་སུ་ཆགས་པའི་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་སོགས་ཀྱི་ནང་འཚམས་གཟིགས་སུ་ཕེབས་ཡོད་འདུག

DSC08979-1024x715.jpg


གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དགེ་འདུན་པ་བསྟན་འཛིན་མཁྱེན་རབ་ལགས་ཀྱི་ཨ་མ་སྦོ་རྡེ་ལགས་སེམས་འཁྲལ་རྐྱེན་གྱིས་འདས་གྲོངས་སུ་ཕྱིན་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎