བྱམས་བརྩེ་དང་ཤེས་རབ་ཟུང་དུ་སྦྲེལ་ན་སེམས་ཀྱི་ཞི་བདེ་བསྐྲུན་ཐུབ། ༧གོང་ས་མཆོག་གིས།

2022.10.03
Share on WhatsApp
Share on WhatsApp
བྱམས་བརྩེ་དང་ཤེས་རབ་ཟུང་དུ་སྦྲེལ་ན་སེམས་ཀྱི་ཞི་བདེ་བསྐྲུན་ཐུབ། ༧གོང་ས་མཆོག་གིས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐེ་ཝན་གྱི་དད་ལྡན་ཆོས་ཞུ་བ་ཚོར་བཀའ་ཆོས་སྩལ་བཞིན་པའི་པར་རིས། ༢༠༢༢།༡༠།༠༣
OHHDL

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཐའེ་ཝན་གྱི་དད་ལྡན་ཚོས་གསོལ་འདེབས་ཞུས་པ་བཞིན། སྤྱི་ཟླ་༡༠ པའི་ཚེས་༣ ཉིན་གྱི་སྔ་དྲོར་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སློབ་དཔོན་ཆོས་གྲགས་ཀྱིས་མཛད་པའི་ཚད་མ་རྣམ་འགྲེལ་གྱི་ལེའུ་གཉིས་པའི་གསུང་ཆོས་སྩལ་སྐབས། བྱམས་བརྩེ་ལྡན་པའི་ཁོར་ཡུག་ནི་བདེ་སྐྱིད་ལྡན་པའི་མི་ཚེ་ཞིག་ཡོང་བའི་གཞི་རྩ་ལྟ་བུ་ཡིན་ལ། དེ་ཡང་རིགས་པའི་ལམ་ནས་བྱམས་བརྩེ་སྤེལ་དགོས་རྒྱུ་གལ་ཆེ་ཞིང་། ལྷག་ཏུ་དོན་དམ་གྱིས་ནང་སེམས་ཞི་བདེ་ཡོང་བར་བྱམས་བརྩེ་དང་ཤེས་རབ་གཉིས་ཟུང་དུ་འབྲེལ་ནས་འགྲོ་དགོས། ནང་སེམས་ཞི་བདེ་ཡོད་ན། ལུས་པོའི་འཕྲོད་བསྟེན་ཡག་པོ་ཡོང་རྒྱུ་ཙམ་མ་ཟད། བདེ་སྐྱིད་ལྡན་པའི་འགྲོ་བ་མིའི་སྤྱི་ཚིགས་ཤིག་ཀྱང་བསྐྲུན་ཐུབ་ཞེས་བཀའ་སྩལ་གནང་སོང་། 

ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མུ་མཐུད་བྱམས་བརྩེའི་གལ་གནད་སྐོར་གསུངས་དོན། འཚེ་བ་མེད་པའི་སྤྱོད་པ་ཞེས་པ་ནི་བྱམས་བརྩེ་དང་དམིགས་གསལ་འབྲེལ་བ་ཡོད། གཞན་ལ་གནོད་པ་བྱས་ན་རང་ལ་སྡུག་བསྔལ་ཡོང་བ་དང་། གཞན་ལ་ཕན་བཏགས་ན་རང་ལ་བདེ་སྐྱིད་ཡོང་གི་ཡོད་པས། བདེ་སྐྱིད་དགོས་ན་གཞན་ལ་འཚེ་བ་བྱེད་མི་རུང་བ་ནི་གསལ་པོ་རེད། ཇི་ཙམ་གྱིས་འཚེ་བ་མེད་པའི་སྤྱོད་པར་མཇུག་པ་ཡིན་ན། གོ་མཚོན་རིགས་དེ་བས་ཉུང་དུ་འགྲོ་ངེས་ཡིན་ཞེས་བཀའ་གནང་སོང་། རྒྱུན་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་གི་ཤེས་ཡོན་སྡེ་ཁག་ཏུ་བཀའ་སློབ་སྩལ་བའི་སྐབས། དེང་གི་ཤེས་ཡོན་ལམ་ལུགས་ནང་དམིགས་བསལ་ཆོས་དང་མ་འབྲེལ་པའི་བཟང་སྤྱོད་ཀྱི་བསླབ་གཞི་སློབ་ཁྲིད་གནང་དགོས་གལ་ཆེ་བའི་སྐོར་ཡང་ཡང་བཀའ་གནང་གི་ཡོད་པ་བཞིན། ད་རེས་བཀའ་ཆོས་སྐབས་སུ་ཡང་། ༸གོང་ས་མཆོག་གིས། དེང་སྐབས་འཛམ་གླིང་གི་ཤེས་ཡོན་སྡེ་ཁག་ནང་མང་ཆེ་བས་ཕྱིའི་དངོས་པོ་ཡར་རྒྱས་རྐྱང་རྐྱང་ལ་དོ་སྣང་བྱེད་པ་མ་གཏོགས། ནང་སེམས་ཞི་བདེ་བསྐྲུན་ཐབས་དང་བྱམས་བརྩེའི་གལ་གནད་སྐོར་དོ་སྣང་བྱེད་རྒྱུ་ཉུང་དྲགས་འདུག་ཅེས་བཀའ་གནང་སོང་།

ད་ཐེངས་གསུང་ཆོས་སྐབས་རྒྱལ་ཁབ་ཕྱི་ནང་ནས་དད་ལྡན་ཆོས་ཞུ་བ་སེར་སྐྱ་ཕོ་མོ་སྟོང་ཕྲག་བརྒལ་བ་ཕེབས་འདུག་ཅིང་།  ལྷག་ཏུ་ཐའེ་ཝན་ནས་དད་ལྡན་ཆོས་ཞུ་བ་༦༠༠ཙམ་ཕེབས་འདུག་པའི་ཁྲོད། ཐའེ་ཝན་ནས་ཡིན་པའི་བཙུན་མ་ཧྲི་ཧྲ་རིན་ལགས་ཀྱིས། ༸གོང་ས་མཆོག་གིས་བྱམས་བརྩེའི་གལ་གནད་སྐོར་ལམ་སྟོན་མཛད་པ་གཞིར་བཟུང་། ངས་གང་ཐུབ་ཀྱིས་བྱམས་བརྩེ་ཉམས་ལེན་བྱེད་ཀྱི་ཡོད། དེ་མིན་ཡང་ནང་ཆོས་ལ་སློབ་གཉེར་གཏིང་ཟབ་ཡོང་བར་བོད་ཡིག་ནི་ཧ་ཅང་གི་གལ་འགངས་ཆེན་པོ་ཡིན་པས། བོད་ཡིག་སྦྱོང་གི་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག 

ཡང་སྐབས་དེར་སིང་གྷ་པུར་ནས་ཡིན་པའི་ཆོས་ཞུ་བ་ཨོན་བྷན་གྷོན་ལགས་ཀྱིས། ༸གོང་ས་ཏཱ་ལའི་བླ་མ་མཆོག་གི་གསེར་ཞལ་དངོས་སུ་མཇལ་བ་ངའི་མི་ཚེ་ནང་ཐེངས་དང་པོ་ཡིན་པས་ཧ་ཅང་དགའ་ཚོར་བྱུང་ལ། འདིར་ཡོད་པའི་ཆོས་ཞུ་བ་མང་པོ་ཞིག་ལ་དེ་ལྟར་མྱོང་ཚོར་བྱུང་ཡོད། ཁོང་གིས་བཀའ་ཆོས་དང་ལམ་སྟོན་མཛད་པ་བཞིན། སོ་སོ་རང་ཉིད་ནས་རིམ་པ་བཞིན་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ཉམས་ལེན་བྱ་རྒྱུ་ཡིན་ཞེས་འགྲེལ་བརྗོད་གནང་བྱུང་།

གཞན་ཡང་ད་ཐེངས་ཀྱི་གསུང་ཆོས་དེ་བཞིན་སྤྱི་ཟླ་༡༠ པའི་ཚེས་༥ བར་ཉིན་གྲངས་གསུམ་རིང་སྩལ་གནང་མཛད་ཀྱི་ཡོད་པ་དང་། དེ་ཡང་ཉིན་གསུམ་རིང་གི་བཀའ་ཆོས་དེ་བཞིན་བོད་སྐད་དང་། རྒྱ་སྐད། ཧིན་དྷི། ཕྷི་རིན་ཆི། ཇིར་མན། ཝེཏ་ནམ་སྐད། ཀོ་རེ་ཡའི་སྐད། སི་པན་སྐད། ཨུ་རུ་སུའི་སྐད་སོགས་སྐད་རིགས་མི་འདྲ་བ་༡༣ ཐོག་ལ་ཐད་ཀར་སྐད་བསྒྱུར་གནང་གི་ཡོད་འདུག

གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། 
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
པེ་ཅིན་སོགས་རྒྱ་ནག་གི་གྲོང་ཁྱེར་ཁག་ཅིག་ནང་གཞུང་གི་བཀག་སྡོམ་སྲིད་ཇུས་དང་ཞི་ཅིན་ཕིན་ལ་ངོ་རྒོལ་བྱེད་བཞིན་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་ནང་རིམས་ནད་དམ་དྲགས་ལ་ངོ་རྒོལ་དང་འབྲེལ་བོད་ནང་གི་མཚོ་སྔོན་ཟི་ལིང་དུ་མི་མང་ཕྱི་ལ་འབུད་མི་ཆོག་པའི་བཀོད་ཁྱབ་གཏོང་བཞིན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎