རྡ་རམ་ས་ལར་སྣ་འཛོམས་སྨན་ཁང་གསར་བ་ཞིག་བཙུགས་པ་སྲིད་སྐྱོང་མཆོག་གིས་སྒོ་འབྱེད་གནང་འདུག

2022.03.08
རྡ་རམ་ས་ལར་སྣ་འཛོམས་སྨན་ཁང་གསར་བ་ཞིག་བཙུགས་པ་སྲིད་སྐྱོང་མཆོག་གིས་སྒོ་འབྱེད་གནང་འདུག རྡ་རམ་ས་ལར་སྣ་འཛོམས་སྨན་ཁང་གསར་བ་ཞིག་བཙུགས་པ་སྲིད་སྐྱོང་མཆོག་གིས་སྒོ་འབྱེད་གནང་སྐབས། ༠༣།༠༨།༢༠༢༢
RFA/Dhasa

བཞུགས་སྒར་རྡ་རམ་ས་ལའི་ཉེ་འཁྲིས་སུ་(Apex)་སྣ་འཛོམས་ཆེད་མཁས་སྨན་ཁང་ཞིག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་སྤྱི་ཟླ་༣་པའི་ཚེས་༨་ཉིན་དབུ་འབྱེད་གནང་ཡོད་པ་དང་། སྐབས་དེར་སྲིད་སྐྱོང་མཆོག་གིས། བཙན་བྱོལ་བོད་མི་ཚོ་རྒྱ་གར་ལ་ཤ་ཞེན་ཡོད་པ་དང་། ང་ཚོའི་སྐད་ཡིག་དང་ཆོས་ལུགས་བཅས་རྒྱ་གར་དང་འབྲེལ་བ་ཆེན་པོ་ཡོད་པས། བོད་མི་ཚོས་རྒྱ་གར་འཕགས་པའི་ཡུལ་ཅེས་འབོད་བཞིན་པ་མ་ཟད། བོད་མི་དང་རྒྱ་གར་གྱི་བར་དགེ་རྒན་དང་དགེ་ཕྲུག་གི་འབྲེལ་བ་ཡོད་པ་སོགས་གསུང་བ་དང་འབྲེལ། རྒྱ་གར་རྡ་རམ་ས་ལ་ནི། ༧གོང་ས་མཆོག་གི་བཞུགས་སྒར་ཡིན་པར་བརྟེན། བོད་མི་ཚོའི་སེམས་ནང་གོ་ས་ཆེ་ཤོས་ཟིན་པའི་ས་གནས་དེ་ཆགས་ཡོད་པ་དང་། ང་ཚོའི་ལོ་རྒྱུས་ནང་ཆེས་གཉན་འཕྲང་ཛ་དྲག་གི་གནས་སྐབས་སུ། རྒྱ་གར་གཞུང་ཙམ་མ་ཟད་མངའ་སྡེ་གཞུང་དང་རྒྱ་གར་མི་མང་གིས་ཧ་ཅང་རྒྱབ་སྐྱོར་ཆེན་པོ་གནང་ཡོད་པ་དང་། རྡ་རམ་ས་ལར་བོད་མིའི་སྒྲིག་འཛུགས་ལས་ཁུངས་མ་ལག་དང་བཅས་པའི་ལྟེ་བའང་ཆགས་ཡོད་པས། མངའ་སྡེའི་བློན་ཆེན་གྱིས་གཞུང་འཛིན་ཚགས་ཚུད་བྱུང་བ་དང་། རྡ་རམ་ས་ལའི་གྲོགས་པོ་ཡུལ་མི་ཚོས་ལོ་ངོ་ཧ་ཅང་མང་པོར་ང་ཚོ་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ང་ཚོ་བོད་ལ་ཕྱིར་ལོག་མ་བྱས་པར་དུ་རྒྱབ་སྐྱོར་འདི་དགོས་ངེས་རེད་ལ་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་གནང་སོང་།
ཡང་དམིགས་བསལ་སྐུ་མགྲོན་རྒྱ་གར་གྱི་སྨན་པ་རྒན་པ་(Dr VP Mahajan)་ལགས་ཀྱིས། མིའི་ཚེ་སྲོག་སྐྱོབ་ཐུབ་མིན་ནི་མང་ཆེ་ཤོས་མཐུན་རྐྱེན་དང་དེ་བེད་སྤྱོད་གནད་ལ་འཁེལ་བ་གཏོང་ཐུབ་མིན་ལ་ཐུག་ཡོད་པ་དང་། སྨན་པ་ཡག་པོ་ཡོང་མིན་ནི་ནད་པ་ལ་སེམས་ཁུར་བྱེད་མིན་ལ་ཐུག་ཡོད། ང་ཚོ་བློ་སྟོབས་ལྡན་ལ་འཇིགས་ཞུམ་བྲལ་བ། དུས་ཐོག་ཏུ་གནད་ལ་ཕོག་པའི་ལས་དོན་གནང་ཐུབ་དགོས་པའི་ཁར། སྨན་པ་ཡག་པོ་ཡོང་མིན་ནི་རིན་གོང་མཐོན་པོ་བླངས་ནས་ནད་པར་སེམས་ཁུར་མེད་པ་དེ་གྲས་མིན་པར། ནད་པ་ལ་སེམས་ཁུར་ཡོད་པ་ཞིག་ཡིན་ན། ནད་པ་གསོན་ཐུབ་པའི་རེ་བ་བརྒྱ་ཆ་ལྔ་ལས་མེད་ནའང་། གོ་སྐབས་དེ་བེད་སྤྱོད་བཏང་ཐུབ་ན་ནད་པ་གསོན་གནས་དང་ན་ཚ་དྲག་བསྐྱེད་བྱུང་བ། ཁོང་རང་ལ་ཉམས་མྱོང་དངོས་སུ་བྱུང་བ་གསུང་ཡོད་པ་རེད།
སྨན་ཁང་དེའི་འགན་འཛིན་སྐུ་ཞབས་རཱམ་སོ་རབ་ལགས་ནས། སྨན་ཁང་འདིར་སྣ་འཛོམས་དང་ལོ་མང་ཆེད་ལས་ཀྱི་ཉམས་མྱོང་ལྡན་པའི་སྨན་པ་ཆེད་འཛུགས་གནང་ཡོད་པ་དང་། རྡ་རམ་ས་ལར་འཕྲོད་བསྟེན་སྨན་ཁང་སྤུས་དག་ཚད་ལྡན་ཞིག་མེད་པས། ང་ཚོ་ཚང་མས་མོས་མཐུན་དང་རྒྱབ་སྐྱོར་ཐག་གཅོད་ཀྱི་ལམ་ནས། ནད་རིགས་སྣ་ཚོགས་སྨན་བཅོས་ཆེད་ལས་ཀྱི་སྨན་ཁང་འདི་བཙུགས་ཡོད་པ་ངོ་སྤྲོད་གནང་ཡོད་པ་དང་། སྨན་ཁང་འདིའི་ནང་རྒྱ་གར་གྱི་སྨན་པ་ཕོ་མོ་རྒན་རབས་པ་བགྲེས་ཡོལ་ཞུས་ཡོད་པ་མང་པོ་ཞིག་གིས་ཕྱག་ལས་གནང་གི་ཡོད་པ་རེད།

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ང་ཚོས་རྒྱ་ནག་དང་བརྒྱུད་ལམ་གཞན་ཞིག་བརྒྱུད་ནས་འབྲེལ་ལམ་ཐབས་ཤེས་གནང་བཞིན་ཡོད། སྲིད་སྐྱོང་མཆོག་གིས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎