བོད་རྔ་བ་འབར་ཁམས་དུ་ས་ཡོམ་བྱུང་བ་དང་འབྲེལ་རྒྱ་ནག་གཞུང་གིས་ས་ཡོམ་གྱི་བརྙན་དང་པར་རིས་གང་བྱུང་ཁྱབ་སྤེལ་མི་ཆོག་པའི་བཀོད་ཁྱབ་གཏོང་བཞིན་ཡོད་འདུག

2022.06.10
Share on WhatsApp
Share on WhatsApp
བོད་རྔ་བ་འབར་ཁམས་དུ་ས་ཡོམ་བྱུང་བ་དང་འབྲེལ་རྒྱ་ནག་གཞུང་གིས་ས་ཡོམ་གྱི་བརྙན་དང་པར་རིས་གང་བྱུང་ཁྱབ་སྤེལ་མི་ཆོག་པའི་བཀོད་ཁྱབ་གཏོང་བཞིན་ཡོད་འདུག མི་མང་ཚོ་ཡང་ཕྱི་རོལ་གྱི་ས་གནས་གང་སར་བསྡད་ཡོད་སྐོར་འབྲེལ་ཡོད་ནས་བརྗོད་བྱུང་།
screenshot/Chinese media

ད་ལྟའི་ཆར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་སི་ཁྲོན་ཞིང་ཆེན་ནང་ལྟ་སྐོར་བྱེད་བཞིན་པ་དང་འབྲེལ། ཕྱི་ཟླ་༦ཚེས་༩་བོད་ནང་གི་མཚན་དཀྱིལ་ཆུ་ཚོད་༡་དང་སྐར་མ་༢༨་སྟེང་། རྒྱ་ནག་གཞུང་གིས་བཅད་བགོས་བྱས་པའི་བོད་རྔ་བ་ཁུལ་འབར་ཁམས་རྫོང་དུ་འགུལ་ཚད་༦དང་ཟབ་ཚད་སྟོང་སྨི་༡༣ཡོད་པའི་ས་འགུལ་བརྒྱབ་སྟེ། ཡུལ་མི་ཚོའི་སྡོད་ཁང་ཁག་ཅིག་གཏོར་བཤིག་དང་གློག་ཆད་པ་སོགས་བྱུང་ཡོད་པ་དང་། ད་ལྟའི་ཆར་ཤི་རྨས་རིགས་ཀྱི་གནས་ཚུལ་གང་ཡང་གོ་ཐོས་མེད་པ་དང་། གཞུང་ཕྱོགས་ནས་ས་ཡོམ་སྐོར་གྱི་པར་རིས་དང་བརྙན་དང་གནས་ཚུལ་རིགས་གང་བྱུང་དྲ་ལམ་ཁག་ཏུ་བརྒྱུད་སྐུར་མི་ཆོག་པའི་བཀའ་གཏོང་བཞིན་ཡོད་སྐོར་ས་གནས་རང་གི་འབྲེལ་ཡོད་བོད་མི་ཞིག་ནས་འགྲེལ་བརྗོད་གནང་བྱུང་།

གོང་ཞུས་འབྲེལ་ཡོད་གནས་ཚུལ་མཁོ་སྤྲོད་པ་དེས་མུ་མཐུད་བརྗོད་དོན་ལ། ས་ཡོམ་བྱུང་དུས་མཚན་དཀྱིལ་ཙམ་ཡིན་པ་དང་ཆར་བ་ཡང་འབབ་བཞིན་ཡོད་པས་ས་ཡོམ་བྱུང་བ་དང་སྒྲ་ཆེན་པོ་གྲགས་པ་སོགས་འཇིགས་སྣང་བྱུང་ན་ཡང་། མི་ཚང་མ་ཁང་པའི་ཕྱི་ལ་འབུད་ཐུབ་ཡོད་པ་མ་ཟད་ས་ཡོམ་ཐེངས་དང་པོ་བྱུང་རྗེས་བསྐྱར་དུ་ས་ཡོམ་བྱུང་བར་དོགས་ནས་ཕྱི་ནས་ཉལ་ཡོད་ན་ཡང་། དེ་རིང་སྔ་དྲོ་བསྐྱར་དུ་འགུལ་ཚད་༥་༨་ཡོད་པའི་ས་ཡོམ་ཐེངས་གཉིས་པ་ཞིག་བརྒྱབ་སོང་ལ།ས་འགུལ་ཆུང་ཆུང་རིགས་ཐེངས་ཁ་ཤས་ལ་བརྒྱབ་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།

ཡང་རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ་དེ་འབྲེལ་གནས་ཚུལ་སྐོར་ལ། ས་ཡོམ་བརྒྱབ་རྗེས་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་ཟེར་བས་བཀོད་ཁྱབ་འོག་གནོད་ཐེབས་རྒུད་སྐྱོབ་བཀོད་ཁྱབ་བཏང་ཡོད་སྐོར་བཀོད་ཡོད་ན་ཡང་། ས་ཡོམ་ཀྱི་ལྟེ་གནས་ཡིན་པའི་འབར་ཁམས་རྫོང་གི་སློབ་གྲྭ་ཁག་ཏུ་ད་དུང་རོགས་སྐྱོར་རིགས་གང་ཡང་ཡོང་མེད་པ་མ་ཟད། སློབ་མ་ཚོར་སློབ་གྲྭའི་རྩེད་ཐང་གི་འཁྱམ་འོག་ཏུ་ཉལ་ས་བྱས་ཏེ་བསྡད་ཡོད་པ་དང་། ཟ་མ་རང་གིས་གྲྭ་སྒྲིག་དང་ཆར་ཤུགས་ཆེ་བའི་གནས་སྟངས་འོག་ཡོད་པ་དང། མི་མང་ཚོ་ཡང་ཕྱི་རོལ་གྱི་ས་གནས་གང་སར་བསྡད་ཡོད་སྐོར་འབྲེལ་ཡོད་ནས་བརྗོད་བྱུང་། 

ཐེངས་འདིའི་ས་ཡོམ་དེ་འབར་ཁམས་ཚོ་བདུན་གྲོང་ཚོ་ནས་སྤྱི་ལེ་༦་ཙམ་གྱི་ས་ནས་བརྒྱབ་ཡོད་སྟབས།འབར་ཁམས་རྫོང་གི་ཉེ་འཁོར་དུ་ཡོད་པའི་རྔ་བ་རྫོང་། ཆུ་ཆེན་རྫོང་། ཛམ་ཐང་རྫོང་། ཁྱུང་མཆུ་རྫོང་དར་རྩེ་མདོ་རྫོང་། མཛོད་དགེ་རྫོང་སོགས་ནས་ས་འགུལ་ཤེས་ཚོར་བྱུང་ཡོད་པ་དང་། དྲ་ལམ་ཁག་ཏུ་ས་འགུལ་སྐབས་ཀྱི་དངོས་ཡོད་བརྙན་དང་དང་གནས་ཚུལ་སྤེལ་བཞིན་པ་ཁག་ཅིག་ཁྱབ་སྤེལ་གཏོང་བཞིན་པའི་ནང་། ས་ཁུལ་དེ་དག་ནང་འགུལ་ཚད་མངོན་གསལ་བྱུང་ཡོད་འདུག 

དེ་སྔ་༢༠༢༡ལོར་མགོ་ལོག་ཁུལ་རྨ་སྟོད་རྫོང་དང་། ༢༠༢༢་ལོར་མཚོ་བྱང་ཁུལ་སེམས་ཉིད་རྒྱ་མདོ་རྫོང་བཅས་སུ་འགུལ་ཚད་རིམ་པ་འདྲ་མིན་གྱི་ས་ཡོམ་རྒྱབ་ཡོད་པ་དང་། མགོ་ལོག་རྨ་སྟོད་ཕྱོགས་སུ་འགུལ་ཚད་རིམ་པ་༧.༤་ཡོད་པའི་ས་ཡོམ་བརྒྱབ་པའི་རྗེས། ས་གནས་ཀྱི་གནས་སྟངས་གང་མཚམས་རིང་ཁ་གསལ་མེད་པར་ལྷག་པ་མ་ཟད། རྒྱ་ནག་གཞུང་ཕྱོགས་ནས་ཀྱང་གནས་ཚུལ་ཁ་གསལ་བསྒྲགས་མེད་ཀྱང་། རྗེས་སུ་རྨ་སྟོད་ས་ཡོམ་ཁྲོད་མི་སྣ་ཤི་རྨས་ཀྱི་གྲངས་འབོར་འཕར་བའི་གནས་ཚུལ་བྱུང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
སྲིད་སྐྱོང་མཆོག་གིས་རྒྱ་ནག་གི་བྱ་སྤྱོད་ལ་ཡིད་གཟབ་གནང་དགོས་བ་ཉི་ཧོང་དུ་གསུངས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎