རྨ་ལྷོ་རེབ་གོང་ཕྱོགས་སུ་ས་འགུལ་བྱུང་འདུག
2017.12.15
ཨ་མདོ་རེབ་གོང་ཕྱོགས་སུ་ས་ཡོམ་བྱུང་ནས་ས་གནས་མང་ཚོགས་ལ་འཇིགས་སྣང་ཆེན་པོ་བྱུང་འདུག
དེ་ཡང་ཚེས་ ༡༥ ་ཉིན་གྱི་ཞོགས་པར་དུས་ཚོད་༢་སྐར་༥༥ ་ཙམ་གྱི་སྟེང་། མཚོ་སྔོན་རྨ་ལྷོ་རེབ་གོང་ཁུལ་དུ་ས་ཡོམ་བྱུང་ནས། མི་རྣམས་མཚན་གུང་ཕྱི་ལ་ཐོན་ནས་སྲང་ལམ་ཁག་ཏུ་བསྡད་ཡོད་པ་སོགས་སྤྱི་ཚོགས་བརྒྱུད་ཁག་ཏུ་པར་དང་། བརྙན་ཐུང་མང་པོ་ཞིག་བཀྲམ་འདུག་ལ། ས་གནས་བོད་མི་ཞིག་བརྗོད་ན། ས་ཡོམ་བྱུང་ནས་མི་རྣམས་གཉིད་ལས་ལངས་ཏེ། མི་མང་པོ་རེབ་གོང་སྒྲོལ་མ་ཐང་དང་། སྲང་ལམ་སོགས་སུ་བསྡད་འདུག
ས་གནས་ནས་པར་དང་བརྙན་པར་ཐོན་པ་ཁག་གི་ནང་ཁང་པར་གཞིགས་སྐྱོན་བྱུང་ཡོད་པ་མངོན་རྒྱུ་འདུག་ན་ཡང་། མིར་ཤི་སྐྱོན་བྱུང་བའི་གནས་ཚུལ་ཐོན་མེད་པ་རེད།
རྒྱ་ནག་གཞུང་འབྲེལ་གྱི་གནས་ཚུལ་ལྟར་ན། ད་ཐེངས་རེབ་གོང་ཕྱོགས་སུ་བྱུང་བའི་ས་ཡོམ གྱི་འགུལ་ཚད་ ༤ ་དང་གྲངས་ཆུང་༦ ་ཡིན་འདུག
དེ་བཞིན་ཚེས་༡༥་ཉིན་གྱི་དགོང་དྲོར་ཡང་བསྐྱར་ས་འགུལ་བྱུང་ཡོད་འདུག
གསར་འགོད་པ་སྟག་ལྷ་རྒྱལ།