བལ་ཡུལ་དུ་བོད་མིའི་འོས་བསྡུ་དང་འབྲེལ་ནས་འཛིན་བཟུང་བྱས་པའི་མི་ལྔ་པོ་གློད་གྲོལ་བཏང་འདུག

2020-12-27
Share
བལ་ཡུལ་དུ་བོད་མིའི་འོས་བསྡུ་དང་འབྲེལ་ནས་འཛིན་བཟུང་བྱས་པའི་མི་ལྔ་པོ་གློད་གྲོལ་བཏང་འདུག བལ་ཡུལ་ནང་ཆབ་སྲིད་དཀའ་ངལ་གནས་སྟངས་ཀྱི་རྐྱེན་པས་བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་དུས་ཚོད་ཉིན་ཤས་སྔ་སྣུར་གྱིས་འདི་ཚེས་༢༥ ཉིན་ནས་ས་གནས་སུ་དངོས་གསལ་དོད་པོ་མེད་པར་གསང་བའི་ལམ་ནས་འོས་ཤོག་བསྡུས་ཡོད་འདུག
RFA

བལ་ཡུལ་དུ་འདི་ཚེས་༢༧རེས་གཟའ་ཉིན་མའི་ཉིན་གྱི་སྔ་དྲོ་བོད་མིའི་སྲིད་སྐྱོང་དང་སྤྱི་འཐུས་གཉིས་ཀྱི་འོས་བསྡུ་དང་འབྲེལ་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་དང་མཆོད་འབྱོར་ས་གནས་འགོ་འཛིན། གཞན་བོད་མི་གསུམ་བཅས་བལ་ཡུལ་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་ཀྱང་། བལ་ཡུལ་ནང་གི་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་འབྲེལ་ཡོད་ཉེན་རྟོག་ཁང་ལ་ཞུ་འབོད་བྱས་པའི་རྗེས་ཉིན་འདིའི་ཕྱི་དྲོ་ཕྱག་ཚོད་༦་ཙམ་ལ་འཛིན་བཟུང་བྱས་པའི་མི་ལྔ་པོ་དེ་དག་གློད་གྲོལ་བཏང་ཡོད་པ་བལ་ཡུལ་ནང་གི་འགྲོ་བ་མིའི་ཐོག་ཐང་ལས་ཁང་གི་འབྲེལ་ཡོད་བཟང་པོ་ལགས་ཀྱིས་ཤེ་ཨེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

སྤྱིར་རྒྱ་ནག་གཞུང་གིས་བལ་ཡུལ་ནང་ཆབ་སྲིད་དང་འབྲེལ་ནས་བཙན་བྱོལ་བོད་མི་རྣམས་ལ་ཤུགས་རྐྱེན་བསྟུན་མར་སྤྲོད་བཞིན་ཡོད་པའི་ཁར། ད་རེས་གནས་ཚུལ་འདིའི་དོན་རྐྱེན་གཙོ་བོ་ནི། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྤྱིད་གཉིས་ཀྱི་འོས་བསྡུ་སླེབས་ལ་ཉེ་བའི་དུས་སྐབས་འདིར། བལ་ཡུལ་ས་གནས་གཞུང་གིས་ཁུལ་དེར་གནས་སྡོད་བཙན་བྱོལ་བོད་མི་རྣམས་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་ནང་ཆ་ཤས་ལེན་མི་ཆོག་པ་བཀོད་ཁྱབ་བཏང་ཡོད་ཀྱང་།་འདི་ཚེས་༢༥་དང་ཚེས་༢༦ཉིན་སོ་སོར་བལ་ཡུལ་འཕགས་ཤིང་ས་གནས་དང་མཆོད་འབྱོར་ས་གནས་བཅས་སུ་དངོས་གསལ་དོད་པོ་མེད་པར་གསང་བའི་ལམ་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྤྱི་གཉིས་ཀྱི་འོས་ཤོག་བསྡུས་ཡོད་པར་བརྟེན། འདི་ཚེས་༢༧ ཉིན་གྱི་སྔ་དྲོ་འདི་གའི་ཨ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བལ་ཡུལ་མི་སེར་ཡིན་པ་གྷོ་རུང་རྡོ་རྗེ་རྒྱལ་མཚན་ལགས་དང་མཆོད་འབྱོར་བོད་མིའི་ས་གནས་འགོ་འཛིན་ལོ་པཎ་རིན་པོ་ཆེ་ངག་དབང་མཆོག་གྲུབ་ལགས། གཞན་བོད་མི་གསུམ་བཅས་ཁྱོན་མི་ལྔ་བལ་ཡུལ་བྷོ་དྷ་ས་གནས་ཉེན་རྟོག་པས་འཛིན་བཟུང་བྱས་པ་ཞིག་ཡིན་འདུག

ཡང་ད་རེས་ཁོང་རྣམས་གཙོ་བོ་བལ་ཡུལ་ནང་གི་འགྲོ་མིའི་ཐོབ་ཐང་ཚོགས་པས་རྒྱབ་སྐྱོར་གནང་བའི་ཐོག་བལ་ཡུལ་མཆོད་འབྱོར་བོད་མིའི་ས་གནས་འགོ་འཛིན་ལོ་པཎ་རིན་པོ་ཆེ་ངག་དབང་མཆོག་གྲུབ་ལགས་ཀྱིས་འགན་ལེན་གནང་སྟེ་གློད་གྲོལ་བཏང་འདུག་ཀྱང་། འདི་ཚེས་༢༨ཉིན་གྱི་སྔ་དྲོ་ཕྱག་ཚོད་༩པའི་ཐོག་བྷོ་ཏ་ཉེན་རྟོག་ལས་ཁང་དུ་འབྱོར་ཐོ་བཀོད་དགོས་པ་སོགས་གནས་སྟངས་ཤིག་གི་འོག་ནས་གློད་གྲོལ་བཏང་འདུག་པ་མ་ཟད། བལ་ཡུལ་ཉེན་རྟོགས་པས་གོང་ཞུས་ས་གནས་འགོ་འཛིན་ལ་བལ་ཡུལ་ནང་དུ་བསྐྱར་དུ་བོད་མིའི་འོས་བསྡུ་དང་འབྲེལ་བའི་གནས་ཚུལ་རིགས་མ་ལྷག་པའི་འགན་ལེན་བྱ་དགོས་ཞེས་བརྗོད་འདུག་ཀྱང་། ས་གནས་འགོ་འཛིན་ལོ་པཎ་རིན་པོ་ཆེས། ཁོང་རང་ཉིད་བལ་ཡུལ་མཆོད་འབྱོར་བོད་མིའི་ས་གནས་ཀྱི་འགོ་འཛིན་ཡིན་པའི་ཆ་ནས་ས་གནས་དེ་གའི་འགན་ལེན་བྱ་རྒྱུ་ཡིན་པ་ལས། བོད་མི་གནས་སྡོད་བྱ་ཡུལ་བལ་ཡུལ་རྒྱལ་ཡོངས་ཀྱི་འགན་ལེན་བྱེད་རྒྱུ་མིན་ཞེས་བརྗོད་འདུག

གཞན་ཡང་གོང་ཞུས་མི་ལྔ་པོ་འཛིན་བཟུང་་བྱས་པའི་ཉིན་འདིར་བལ་ཡུལ་ནང་རྒྱ་ནག་གཞུང་གི་དཔོན་རིགས་ཁག་ཅིག་བལྟ་སྐོར་དུ་ཕེབས་པའི་ཉིན་མོ་དང་འཁེལ་་ཡོད་འདུག་པ་མ་ཟད་། ༢༠༡༡ ལོར་བལ་ཡུལ་ནང་བཙན་བྱོལ་བོད་མི་ཚོས་འོས་བསྡུའི་ནང་ཆ་ཤས་ལེན་ཐབས་བྱས་ཡོད་ཀྱང་། སྐབས་དེར་བལ་ཡུལ་གཞུང་ནས་འོས་སྒམ་ཆ་ཚང་འཕྲོག་སྟེ་ཕྱིར་རྩིས་སྤྲོད་བྱས་མེད་པ་རེད།

 



མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།