གསེར་རྟ་བླ་རུང་ཆོས་སྒར་གྱི་གྲ་ཤག་བཤིག་རྒྱུའི་ལས་གཞི་ཕྱི་ཚེས་༢༠རེས་གཟའ་ལྷག་པའི་ཉིན་དངོས་སུ་འགོ་ཚུགས་ཡོད་པར་དབྱིན་ཡུལ་ནང་གི་བོད་རང་དབང་ཚོགས་པས་སྐྱོན་བརྗོད་གནང་འདུག།
དེ་ཡང་རྒྱ་ནག་གི་དཔོན་རིགས་ཚོས་བླ་རུང་ཆོས་སྒར་དུ་གྲྭ་བཙུན་ཚོའི་བདེ་འཇགས་ཀྱི་ཆེད་དུ། འཚང་ཀ་ཆུང་དུ་གཏོང་རྒྱུའི་དོན་ལ་གྲ་ཤག་བཤིག་རྒྱུའི་ལས་དོན་དེ་བརྩམས་ཀྱི་ཡོད་ཁུལ་བརྗོད་བཞིན་ཡོད་ནའང་། ཆོས་སྒར་དེའི་ནང་ཡོད་པའི་ཆོས་བྱེད་མི་སྣ་ཅིག་གིས་ལྷ་ཡུལ་ལྟ་བུའི་ཆོས་སྒར་དེ་གཏོར་བཤིག་གཏོང་བའི་ཉིན་དེ་ནི་ངའི་སེམས་ལ་ན་ཟུག་ཆེན་པོ་བཟོ་བཞིན་ཡོད་པ་དང་། སེམས་གཏིང་ནས་མིག་ཆུ་རང་དབང་མེད་པ་ཤོར་བཞིན་འདུག་ཅེས་གསུངས་འདུག
བོད་རང་དབང་ཚོགས་པའི་ངེས་སྟོན་པ་Eleanor Byrne-Rosengren་གིས། རྒྱ་གཞུང་གི་བྱེད་སྟངས་དེར་སྐྱོན་བརྗོད་དང་སྦྲགས། བླ་རུང་སྒར་ཆོས་སྒར་གྱི་སློབ་ཕྲུག་ཅིག་གིས་རྒྱ་ནག་གཞུང་གི་ཁྲིམས་དང་སྲིད་བྱུས་ལ་དོགས་པ་ཡོད་པའི་དྲི་བ་ཞིག་བཏོན་ཡོད་སྐོར་འགྲེལ་བརྗོད་གནང་བའི་ནང་། སློབ་ཕྲུག་དེས། བླ་རུང་སྒར་དུ་འཚང་ཁ་ཐེབས་པའི་རྐྱེན་གྱིས་གྲ་ཤག་ཉུང་དུ་གཏོང་དགོས་པའི་རྒྱུ་མཚན་ལ་ཁ་གཡར་ནས་གྲ་ཤག་བཤིག་འགོ་བཙུགས་པ་ཡིན་ན། སྲིད་བྱུས་དེ་རྒྱ་ནག་གི་མི་འབོར་ཆེ་སའི་ས་ཁུལ་ཁག་ཏུ་ཁང་པ་བཤིག་སྐྱོན་ཅིའི་ཕྱིར་བྱེད་ཀྱི་མེད་དམ་ཞེས་དྲི་བ་བཏོན་འདུག། རྒྱ་ནག་གིས་མི་རིགས་ཚང་མར་ལྟ་སྟངས་འདྲ་མཉམ་ཡོད་ཅེས་བཤད་ཀྱི་ཡོད་པ་དེ་སྐད་ཆ་སྟོང་པ་རེད།
བླ་རུང་སྒར་དུ་གྲ་ཤག་བཏོར་ཡག་དེ་འཚང་ཀ་ཆེ་དྲག་པའི་གནས་ཚུལ་ཞིག་མ་རེད། དེ་ནི་རྒྱ་ནག་གིས་བོད་བརྒྱུད་ནང་བསྟན་གྱི་ཤུགས་རྐྱེན་མེད་པ་བཟོ་རྒྱུ་ཁོ་ནར་དམིགས་པ་ཞིག་རེད། རྒྱ་ནག་གཞུང་གིས་ཞི་བདེ་དང་ཆོས་པའི་ས་གནས་སུ་དྲག་རྩུབ་བེད་སྤྱོད་བཏང་ནས་གྲ་བཙུན་༥༠༠༠་ཙམ་གནས་ངེས་མེད་བཟོ་གིན་འདུག་ཅེས་བླ་རུང་སྒར་དུ་སློབ་གཉེར་གནང་མཁན་སློབ་ཕྲུག་ཅིག་གིས་གསུང་པ་བོད་རང་དབང་ཚོགས་པའི་ངེས་སྟོན་པས་ལུང་འདྲེན་གནང་འདུག།
རྒྱ་ནག་གི་ཟི་ཁྲོན་ཞིང་ཆེན་ཁོངས་སུ་ཡོད་པའི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་གསེར་རྟ་རྫོང་ཁོངས་ཀྱི། གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་རྒྱ་ནག་གཞུང་གིས་འཆར་གཞི་བཟོས་ཏེ་གྲྭ་བཙུན་ཉུང་དུ་གཏོང་རྒྱུ་ཡིན་པའི་ཐོག་གཞུང་གི་འཛུགས་བསྐྲུན་འཆར་གཞི་ནང་འཁོད་པའི་ཁྱབ་ཁོངས་ལས་ད་ཡོད་ཀྱི་གྲ་ཤག་ཁག་ཅིག་མེད་པ་བཟོ་རྒྱུ་ཡིན་པ་བརྗོད་ནས། སྤྱི་ཚེས་༢༠་དང་གཟའ་ལྷག་པའི་ཉིན་གཞུང་གི་འཆར་གཞིའི་ནང་མ་ཚུད་པའི་བཙུན་མའི་གྲ་ཤག་ཁག་ཅིག་དངོས་སུ་བཤིག་འགོ་ཚུགས་འདུག།
གསར་འགོད་པ་རིག་ལྡན་སྒྲོལ་མ།
0:00 / 0:00