༸གོང་ས་མཆོག་གིས་བོད་རྒྱ་ཧོར་གསུམ་ཚང་མར་བསྟན་པའི་ཞབས་འདེགས་བསྒྲུབ་བསམ་པའི་སེམས་ཤུགས་སྐྱེད་བཞིན་ཡོད་ཅེས་བཀའ་སྕལ་བ།

2023.01.18
Share on WhatsApp
Share on WhatsApp
༸གོང་ས་མཆོག་གིས་བོད་རྒྱ་ཧོར་གསུམ་ཚང་མར་བསྟན་པའི་ཞབས་འདེགས་བསྒྲུབ་བསམ་པའི་སེམས་ཤུགས་སྐྱེད་བཞིན་ཡོད་ཅེས་བཀའ་སྕལ་བ། ༸གོང་ས་མཆོག་ལ་དཔལ་གསང་ཆེན་སྔ་འགྱུར་རྙིང་མའི་ཆོས་བརྒྱུད་འཛིན་པ་ཡོངས་ནས་བརྟན་བཞུགས་བསྟར་འབུལ་སྐབས། ༢༠༢༣།༠༡།༡༨ ཉིན།
OHHDL

པལ་གསང་ཆེན་སྔ་འགྱུར་རྙིང་མའི་ཆོས་བརྒྱུད་འཛིན་པ་ཡོངས་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན། ཕྱི་ཚེས་ ༡  ཉིན་རྒྱ་གར་གནས་མཆོག་རྡོ་རྗེ་གདན་དུ་རྟེན་གཞི་བྱས་པའི་དཔལ་ཡུལ་རྣམ་གྲོལ་གླིང་དགོན་པའི་ཚོམས་ཆེན་ནང་།  སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བསྟན་འགྲོ་སྤྱི་དང་།  བྱེ་བྲག་བོད་གངས་ཅན་པ་རྣམས་ཀྱི་མགོན་སྐྱབས་ཆེད་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་ཟབ་མོ་ལྷུན་གྱིས་འགྲུབ་ཕྱིར།  སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ།  རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་གི་ཐིག་ལེའི་རིག་འཛིན་ཡུམ་ཀ་བདེ་ཆེན་རྒྱལ་མོའི་ཆོ་གའི་སྒོ་ནས་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུས་གནང་སོང་བ་དང་། སྐབས་དེར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ད་རེ་ཁེ་སང་འཛམ་བུ་གླིང་ལ་འགྱུར་བ་ཤུགས་ཆེར་འགྲོ་བཞིན་པ་དང་མགོན་པོ་གང་ཉིད་མཆོག་གི་སྐུ་ཚེའི་ནང་གི་སྐུ་ངལ་ཆེན་པོ་མྱོང་རྒྱུའི་ལེའུ་དེ་རྫོགས་ཟིན་པ་ལྟ་བུ་ཞིག་དང་། རིམ་པའི་འཛམ་གླིང་མི་མང་གི་གོ་རྟོགས་ཆེ་རུ་དང་དངོས་ཡོད་གནས་ཚུལ་ཇེ་གསལ་ཕྱིན་པའི་གནས་སྐབས་སུ་བོད་ཀྱི་བདེན་མཐའ་གསལ་བ་དང་བོད་རྒྱ་ཧོར་གསུམ་ཚང་མར་བསྟན་པའི་ཞབས་འདེགས་བསྒྲུབ་བསམ་པའི་སེམས་ཤུགས་སྐྱེད་བཞིན་ཡོད་ཅེས་བཀའ་སྩལ་སོང་།

ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་མུ་མཐུད། བོད་གངས་ཅན་ལྗོངས་དང་སོ་སོའི་ལས་དང་སྨོན་ལམ་གྱི་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་བསྡད་པ་ཞིག་དང་། བོད་གངས་ཅན་ལྗོངས་ཀྱི་བསྟན་པ་དང་འགྲོ་བའི་དོན་དུ་མགོན་པོ་མཆོག་ནས་ཕན་ཐོགས་དང་ཞབས་འདེགས་ངེས་ཅན་ཞིག་སྒྲུབ་ཐུབ་ཀྱི་ཡོད་པ་དང་། བོད་ཆོལ་ཁ་གསུམ་གྱི་བོད་རིགས་གཙོ་བོར་འགྱུར་བའི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་བོད་རིགས་ཚང་མས་མགོན་པོ་མཆོག་ལ་གུས་པ་དང་བརྩེ་བ་ཤུགས་ཆེན་ཡོད་བསྡད་པ་ཞིག་ཡིན་དུས། བོད་བསྟན་སྲིད་ཀྱི་དོན་དུ་ད་དུང་ལོ་བཅུ་ཕྲག་གཅིག་གཉིས་ཏན་ཏན་ཞབས་འདེགས་སྒྲུབ་ཐུབ་ཀྱི་རེད་ཅེས་བཀའ་སྩལ་སོང་།

2023-01-18-Bodhgaya-G16_SA15620.jpg

ཐེངས་འདིའི་བརྟན་བཞུགས་བསྟར་འབུལ་སྐབས་སྔ་འགྱུར་རྙིང་མའི་བླ་མ་༸སྐྱབས་རྗེ་ཞེ་ཆེན་རབ་འབྱམས་རིན་པོ་ཆེ་མཆོག་དང་༸སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་ཡང་སྲིད། ༸སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེའི་ཡང་སྲིད་རྣམ་གཉིས། ༸སྐྱབས་རྗེ་གྱང་ཁང་མཁན་སྤྲུལ་རིན་པོ་ཆེ། སྐྱབས་རྗེ་མཁོ་ཁྱིམ་རིན་པོ་ཆེ། སྐྱབས་རྗེ་རི་མགོ་སྤྲུལ་སྐུ་རིན་པོ་ཆེ། མཁན་ཆེན་རྣམ་གྲོལ་རིན་པོ་ཆེ། གཞན་ཡང་མཁན་སྤྲུལ་ཆེ་ཁག་མང་པོ་ཞིག་ཕེབས་ཡོད་འདུག་ལ། མཐའ་མཇུག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ང་ཚོ་རྒྱ་གར་གྱི་ས་ཁུག་ཞིག་དུ་ཚོགས་པ་ནང་བཞིན། མ་འོངས་པར་བོད་གངས་ཅན་གྱི་ལྷ་ལྡན་གཙུགས་ལག་ཁང་གི་ཉེ་འདབས་དང་ཕོ་བྲང་པོ་ཏཱ་ལར་ང་ཚོ་ཚང་མ་མཉམ་རུབ་འཛོམས་ཐུབ་པའི་རེ་བ་དང་སྨོན་ལམ་ཡོད་པ་བཀའ་སྩལ་ཡོད་པ་རེད།  

ད་རེས་ཀྱི་བརྟན་བཞུགས་ཐོག་རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་སྔ་འགྱུར་རྙིང་མའི་དགོན་ཁག་ ༣༠༠ ལྷག་ནས་ཁྱོན་དགེ་འདུན་པ་གཉིས་སྟོང་ལྷག་དང་། གཞན་བོད་རིགས་དང་ཧི་མ་ལ་ཡའི་ཁུལ་གྱི་ནང་པའི་དད་ལྡན་པ་མང་པོ་ཞིག་དང་ཕྱི་རྒྱལ་བ་བཅས་ཁྱོན་དད་ལྡན་པ་ ༦༠༠༠ ལྷག་ནས་མཉམ་ཞུགས་གནང་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་། 
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། བསྟན་འཛིན་འཕགས་སྒྲོན། 
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ། 

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎