རིང་མིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་པོད་ ༢༢༣ ཡོད་པའི་སྨོན་ལམ་ཚིག་མཛོད་ཆེན་མོ་ཐོན་རིམ་གསུམ་པ་དེ་དབུ་འབྱེད་གནང་རྒྱུ་ཡིན་འདུག

2022.04.20
Share on WhatsApp
Share on WhatsApp
རིང་མིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་པོད་ ༢༢༣ ཡོད་པའི་སྨོན་ལམ་ཚིག་མཛོད་ཆེན་མོ་ཐོན་རིམ་གསུམ་པ་དེ་དབུ་འབྱེད་གནང་རྒྱུ་ཡིན་འདུག རིང་མིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་པོད་ ༢༢༣ ཡོད་པའི་སྨོན་ལམ་ཚིག་མཛོད་ཆེན་མོའི་ཐོན་རིམ་གསུམ་པ་དེ་བཞིན་དབུ་འབྱེད་གནང་རྒྱུ་ཡིན་པ་འགྲེལ་བརྗོད་གནང་བྱུང་།
OHHDL

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་འདི་ཚེས་ ༢༠ ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་སྤྱི་ཁྱབ་འགན་འཛིན་སེར་སྨད་དགེ་བཤེས་བློ་བཟང་སྨོན་ལམ་ལགས་སུ་དམིགས་བསལ་མཇལ་ཁ་སྩལ་གནང་མཛད་ཅིང་། མཇལ་ཁའི་སྐབས་༸གོང་ས་མཆོག་ནས་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་ནས་བོད་ཀྱི་སྐད་ཡིག་འཛིན་སྐྱོང་སྤེལ་གསུམ་གྱི་ཐོག་ཞབས་འདེགས་བསྒྲུབས་པར་བསྔགས་བརྗོད་གནང་ཡོད་པ་དགེ་བཤེས་སྨོན་ལམ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བ་དང་སྦྲགས། རིང་མིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་པོད་ ༢༢༣ ཡོད་པའི་སྨོན་ལམ་ཚིག་མཛོད་ཆེན་མོའི་ཐོན་རིམ་གསུམ་པ་དེ་བཞིན་དབུ་འབྱེད་གནང་རྒྱུ་ཡིན་པ་འགྲེལ་བརྗོད་གནང་བྱུང་། 

བཞུགས་སྒར་དུ་ཆགས་པའི་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་ནི། གཙོ་བོ་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་མཐུན་འགྱུར་རོགས་མགོན་འོག་ཕྱི་ལོ་ ༢༠༡༢ ལོར་ཐོག་མར་གསར་འཛུགས་གནང་བ་ཞིག་ཡིན་ཞིང་། རྒྱུན་དུ་ལོ་གསུམ་ནང་ཚུད་ལ་ཚིག་མཛོད་དེའི་ཐོན་རིམ་རེ་འདོན་སྲོལ་ཡོད་པ་དང་། ཕྱི་ལོ་ ༢༠༡༥ ལོར་ཐོན་རིམ་དང་པོ་དེ་བཞིན་༸གོང་ས་མཆོག་ནས་དབུ་འབྱེད་གནང་འདུག་པར་མ་ཟད་། ད་རེས་དབུ་འབྱེད་གནང་གཏན་འཁེལ་བའི་སྨོན་ལམ་ཚིག་མཛོད་ཐོན་རིམ་གསུམ་པ་དེ་ནི་འཛམ་གླིང་སྟེང་གི་ཚིག་མཛོད་རྒྱ་ཆེ་ཤོས་གྲས་ཤིག་ཡིན་པ་ངོས་འཛིན་གནང་གི་འདུག

ཡང་ཉིན་འདིའི་སྔ་དྲོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དགུང་གྲངས་ ༨༦ ལ་ཕེབས་པའི་༸སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་སློབ་དཔོན་ཟུར་པ་ཐུབ་བསྟན་ཆོས་འཕེལ་ལགས་སུ་དམིགས་བསལ་མཇལ་ཁ་སྩལ་འདུག་པ་དང་། མཇལ་ཁའི་སྐབས། ༸གོང་ས་མཆོག་ནས་བཀའ་སློབ་ཕེབས་པའི་ནང་། ད་བར་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་ཕྱག་ལས་ཧུར་ཐག་གནང་བར་ཧ་ཅང་ངོ་མཚར་ཆེ་ཞིང་། མི་ཚེ་མཐའ་འཁྱོལ་ཐུབ་པ་བྱུང་ཡོད་སྐོར་སོགས་ཀྱི་བཀའ་སློབ་ཕེབས་འདུག

_JAM7658.JPG

སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་སློབ་དཔོན་ཟུར་པ་ཐུབ་བསྟན་ཆོས་འཕེལ་ལགས་ནི། ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་ལ་ཕེབས་འདུག་པ་དང་། ཁོང་ནི་བོད་ནས་བཙན་བྱོལ་དུ་ཕེབས་ཐུབ་པའི་རྩེ་རྣམ་རྒྱལ་གྲྭ་ཚང་གི་དགེ་འདུན་པ་ ༥༢ ཡོད་པའི་ཁོངས་ནས་གཅིག་ཡིན་འདུག་ཅིང་། རྒྱ་གར་དུ་ཕེབས་རྗེས་༸གོང་ས་མཆོག་གིས་བཀའ་དགོངས་བཞིན་བཞུགས་སྒར་རྣམ་རྒྱལ་གྲྭ་ཚང་དུ་བཞུགས་ཏེ་རྣམ་རྒྱལ་གྲྭ་ཚང་སྐྱོར་གྲྭའི་དགེ་རྒན་དང་། གྲྭ་ཚང་དེ་ཉིད་ཀྱི་དབུ་མཛད། དེ་བཞིན་སློན་དཔོན་སོགས་ལས་སྣེ་འདྲ་མིན་ཐོག་ཐུགས་འགན་བཞེས་ཡོད་འདུག

ཡང་ཉེ་བའི་ཆར་རྒྱ་གར་ནང་ཏོག་དབྱིབས་ནད་དུག་འགོས་ཁྱབ་ཀྱི་གནས་སྟངས་ཅུང་ཉུང་དུ་ཕྱིན་པའི་རྗེས། རྒྱལ་ཁབ་ཕྱི་ནང་གི་གནད་ཡོད་མི་སྣ་དང་མང་ཚོགས་སོགས་དྷ་རམ་ས་ལར་ཆེད་ཕེབས་ཀྱིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དམིགས་བསལ་མཇལ་ཁ་ཞུ་མཁན་མི་ཉུང་ཞིག་བྱུང་བཞིན་ཡོད་པའི་ཁྲོད། རྒྱ་གར་གྱི་ Andhra Pradesh མངའ་སྡེའི་ནས་ཡིན་པའི་རྒྱ་གར་བ་ཚོང་པ་སྐུ་ཞབས་ Sastry Pullela ལགས་དང་། ཁོང་གི་སྐུ་ཟླ་ནང་མི་བཅས་པར་ཉིན་འདིར་༸གོང་ས་མཆོག་གི་མཇལ་ཁ་ཐོབ་འདུག

ང་ཚོ་འདིར་ཡོང་དགོས་པའི་རྒྱུ་མཚན་གཙོ་བོ་ཞིག་ནི་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་མཇལ་ཁ་ཞུ་རྒྱུ་དེ་ཡིན། ད་རེས་འཛམ་གླིང་ནང་སྙན་གྲགས་ཆེ་བའི་ཞི་བདེའི་དེད་དཔོན་ཁོང་དངོས་སུ་ཞལ་མཇལ་བྱུང་བར་ཧ་ཅང་དགའ་ཚོར་ཆེ་ཞིང་། ༸གོང་ས་མཆོག་ནས་ཆོས་ལུགས་མཐུན་སྒྲིལ་དང་། རྒྱལ་ཁབ་དབར་འཆམ་མཐུན། དེ་བཞིན་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་འཛིན་དགོས་པའི་བཀའ་སློབ་ཟབ་མོ་ཕེབས་སོང་བས། སེམས་ནང་ཧ་ཅང་ཟུག་པོ་བྱུང་ཞེས་འགྲེལ་བརྗོད་གནང་བྱུང་།

གཞན་ཡང་ད་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུ་མཁན་གང་ཟག་སུ་འདྲ་ཞིག་ཡིན་རུང་། ཏོག་དབྱིབས་ནད་དུག་སྔོན་འགོག་སྨན་ཁབ་བརྒྱབ་ཟིན་པའི་ངོས་སྦྱོར་དང་། ནད་བརྟག་མེད་པའི་དཔང་ཡིག་སོགས་བསྣམས་ཏེ་དགའ་ལྡན་ཕོ་བྲང་ཡིག་ཚང་དུ་འབྱོར་ཐོ་བཀོད་རྗེས། སླར་ཡང་དགའ་ལྡན་ཕོ་བྲང་གི་འབྲེལ་ཡོད་ཚན་པས་ནད་རྟགས་ཡོད་མེད་བརྟག་དཔྱད་གནང་སྟེ། ནད་ཡམས་སྔོན་འགོག་ཚོད་འཛིན་ཆ་ཚང་གནང་བའི་སྒོ་ནས་མཇལ་ཁར་གཏོང་གནང་གི་ཡོད་འདུག

གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བསྟན་འཛིན་དཀོན་མཆོག་ལགས་ཀྱིས་ཡུ་ཀྲུབ་སྤྱི་ཚོགས་དྲ་ལམ་ཐོག་རྗེས་འབྲང་པ་ས་ཡ་གཅིག་ལྷག་བྱུང་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎