ཧོང་ཀོང་རང་གིས་རྒྱལ་ནང་བདེ་སྲུང་གི་ཁྲིམས་གཞི་ཞིག་བཟོ་རྒྱུ་འགོ་འཛུགས་བྱས་འདུག

2024.01.30
ཧོང་ཀོང་རང་གིས་རྒྱལ་ནང་བདེ་སྲུང་གི་ཁྲིམས་གཞི་ཞིག་བཟོ་རྒྱུ་འགོ་འཛུགས་བྱས་འདུག ཧོང་ཀོང་ས་གནས་གཞུང་གིས་རྒྱལ་ནང་བདེ་སྲུང་གི་ཁྲིམས་གཞི་ཟིན་བྲིས་འགོ་འཛུགས་སྐབས། ༠༡།༣༠།༢༠༢༤
AP

འདི་ཚེས་༣༠ཉིན་ཧོང་ཀོང་ས་གནས་གཞུང་གིས་རྒྱལ་ནང་བདེ་སྲུང་གི་ཁྲིམས་གཞི་ཟིན་བྲིས་འགོད་པར་མང་ཚོགས་ཀྱི་བསམ་འཆར་བསྡུ་རུབ་གོ་བསྡུར་གནང་འགོ་བཙུགས་ཡོད་པ་དང་། རིམ་པས་ཁྲིམས་གཞིའི་མ་ཡིག་ཟིན་བྲིས་འགོ་འཛུགས་བྱས་ནས་ཧོང་ཀོང་རང་གིས་རྒྱལ་ནང་བདེ་སྲུང་གི་ཁྲིམས་གཞི་བཟོ་རྒྱུ་ཡིན་པ་བསྒྲགས་འདུག
གསལ་བསྒྲགས་འདི་ནི་རྒྱ་ནག་གཞུང་གིས་ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞི་ལག་བསྟར་བྱས་ནས་ལོ་གཅིག་གི་རྗེས་སུ་ཡིན་པ་དང་། ཁྲིམས་འཆར་གསར་པ་དེས་ཧོང་ཀོང་ས་གནས་གཞུང་ལ་ཕྱི་རྒྱལ་དང་ལག་འབྲེལ་བྱས་ནས་ཁྲིམས་བཟོ་བར་ཤུགས་རྐྱེན་སྤྲོད་ཐབས་བྱེད་མཁན་དང་། བདེན་པ་མིན་པའི་གནས་ཚུལ་དང་སྤྱི་བསྒྲགས་བཀོད་སྤེལ་བྱེད་མཁན་རྣམས་ལ་ཁྲིམས་གཏུགས་བྱ་རྒྱུའི་དབང་ཚད་ཆེ་རུ་བཏང་ཡོད་པ་དང་། དེ་བཞིན་ཁྲིམས་འཆར་དེའི་ནང་། སྤྱི་ཚོགས་ཀྱི་ཚོགས་པ་ཁག་སྒོ་རྒྱག་ཆོག་པ་དང་། ཆ་རྐྱེན་ཁག་ཅིག་ནང་ཧོང་ཀོང་ནང་ཙམ་མིན་པར་འཛམ་གླིང་གི་ས་ཕྱོགས་གང་དུ་ཡོད་ཀྱང་ནག་ཉེས་ཡོད་པ་ཉེས་འཛུགས་བྱས་ཏེ་ཁྲིམས་གཏུགས་བྱ་ཆོག་པ་སོགས་ཀྱི་ཆ་རྐྱེན་ཡོད་འདུག
ཧོང་ཀོང་ས་གནས་ཀྱི་རྩ་ཁྲིམས་ནང་། རྒྱལ་ནང་བདེ་སྲུང་ཀྱི་ཁྲིམས་གཞི་ཞིག་གཏན་འབེབས་བྱ་དགོས་པ་བཀོད་ཡོད་ཀྱང་། མང་ཚོགས་ཀྱིས་དེས་གཞི་རྩའི་མི་མང་གི་རང་དབང་རིམ་པས་ཉམས་ཉེས་གཏོང་བར་ཞེད་སྣང་དང་། མང་ཚོགས་ཀྱིས་དེར་ཁ་གཏད་ཤུགས་ཆེ་བྱས་པའི་རྐྱེན་གྱིས་མི་ལོ་བཅུ་ཕྲག་མང་པོའི་རིང་། རྒྱལ་ནང་བདེ་སྲུང་གི་ཁྲིམས་གཞི་གཏན་འབེབས་བྱ་ཐུབ་མེད་པ་རེད།
ཕྱི་ལོ་༢༠༠༣ལོར་ཁྲིམས་གཞི་དེ་འདྲ་ཞིག་བཟོ་ཐབས་བྱས་ཀྱང་མི་མང་ས་ཡ་ཕྱེད་ཀ་ཙམ་སྲང་ལམ་ནང་ཐོན་ནས་གཞི་རྒྱ་ཆེ་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་བར་བརྟེན། ཁྲིམས་འཆར་བཟོ་རྒྱུ་དེ་ཕྱིར་བསྡུ་བྱ་དགོས་བྱུང་ཡོད་པ་རེད། འོན་ཀྱང་ད་ཆ་ཧོང་ཀོང་ནང་ཕྱོགས་འགལ་ཆབ་སྲིད་པར་དྲག་གནོན་བྱེད་བཞིན་པར་སོང་། རྒྱལ་ནང་བདེ་སྲུང་ཀྱི་ཁྲིམས་འཆར་དེ་ལས་སླ་པོའི་ངང་གཏན་འབེབས་བྱ་ཐུབ་སྲིད་པ་རེད། ཕྱི་ལོ་༢༠༢༠ལོ་ནས་བཟུང་། ཧོང་ཀོང་གི་མང་གཙོར་རྒྱབ་སྐྱོར་བྱེད་མཁན་ལས་འགུལ་བ་རྣམས་འཛིན་བཟུང་དང་། བཀག་ཉར། བཙན་བྱོལ་དུ་འགྲོ་དགོས་བྱུང་བ། ཚོགས་པ་བཅུ་ཕྲག་མང་པོ་ཁ་ཐོར་བཏང་བ་དང་། འཛེམས་ཟོན་མེད་པར་གནས་ཚུལ་བཀོད་སྤེལ་བྱ་མཁན་གསར་འགྱུར་ལས་ཁང་(Apple Daily)་ཞེས་པ་དང་། (Stand News)་ཞེས་པ་སོགས་བཙན་དབང་གིས་སྒོ་རྒྱབ་ཏུ་བཅུག་ཡོད་པ་རེད། ཁྲིམས་འཆར་གསར་པ་དེ་བཞིན་འདི་ཚེས་༣༠ནས་བཟུང་མང་ཚོགས་ལ་གོ་བསྡུར་བགྲོ་གླེང་བྱས་ནས་ཟིན་བྲིས་འགོ་འཛུགས་བྱས་ཡོད་པ་དང་། ཕྱི་ཟླ་༢ཚེས་༢༨ཉིན་ཟིན་བྲིས་མཇུག་སྒྲིལ་བྱ་རྒྱུ་ཡིན་པ་གསལ་བསྒྲགས་བྱས་ཡོད་འདུག
རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་གཞུང་གིས་ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞི་ལག་བསྟར་བྱས་ནས་འགྲོ་བ་མིའི་ཐོང་ཐང་རྡོག་རོལ་བཏང་བ་དང་། གཞུང་དང་བསམ་ཚུལ་མི་མཐུན་པ་རྣམས་ལ་དམ་དྲག་དང་། བཙོན་འཇུག་བྱེད་བཞིན་པར་སྐྱོན་བརྗོད་བྱེད་བཞིན་ཡོད་ལ། ཉེ་ཆར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་ལ་འཛམ་གླིང་ཀུན་ཁྱབ་དུས་བཀག་བསྐྱར་ཞིབ་ཚོགས་འདུའི་ཐོག་ཨ་རི་གཙོས་པའི་རྒྱལ་ཁབ་མང་པོ་ཞིག་གིས། རྒྱ་ནག་གཞུང་ལ་ཧོང་ཀོང་ནང་ཁ་གསལ་མེད་པའི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་དང་། གསང་མྱུལ་བར་ངོ་རྒོལ་བྱེད་པའི་ཁྲིམས། འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ཁྲིམས། ངོ་ལོག་ཟིང་འཁྲུག་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས་བཅས་མེད་པར་བཟོ་དགོས་པ་དང་། ཧོང་ཀོང་གི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ཕྱིར་བསྡུ་བྱེད་དགོས་བའི་བསམ་འཆར་ལམ་སྟོན་གནང་ཡོད་པ་རེད། དེ་བཞིན་ཧོང་ཀོང་དུ་འགྲོ་བ་མིའི་ཐོབ་ཐང་དང་གཞི་རྩའི་རང་དབང་ལ་བརྩི་འཇོག་བྱེད་ཚད་ཉམས་དམས་འགྲོ་བཞིན་པ། རྒྱལ་མཚམས་བརྒལ་ནས་མྱུལ་ཞིབ་དང་། གཉའ་གནོན་བྱས་ཏེ་ཕྱི་རྒྱལ་དུ་ཡོད་པའི་མི་སྒེར་བ་རྣམས་ཀྱི་ཁ་འགོག་ཐབས་བྱེད་བཞིན་པར་ངོ་རྒོལ་སྐྱོན་བརྗོད་བྱས་ཡོད་པ་རེད།


གསར་འགོད་པ། ཚེ་དབང་དངོས་གྲུབ། དཔལ་ལྡན་རྒྱལ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་ནང་གི་ས་ཡོམ་དང་འབྲེལ་དྲྭ་ཐོག་གནས་ཚུལ་སྤེལ་མཁན་ ༢༡ ལ་ཞིབ་དཔྱོད་དང་ཉེས་ཆད་བཅད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་དིང་རིའི་ས་ཡོམ་སྐོར་གྱི་དོན་དངོས་གནས་ཚུལ་བཀག་འགོག་གིས་གཞུང་འབྲེལ་རོགས་སྐྱོར་མི་སྣ་དྲིལ་བསྒྲགས་ཤུགས་ཆེར་བྱེད་བཞིན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎