ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞིའི་འོག་གློག་བརྙན་རིགས་ལ་དམ་དྲག་ཞིབ་བཤེར།

2021-06-15
Share
ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞིའི་འོག་གློག་བརྙན་རིགས་ལ་དམ་དྲག་ཞིབ་བཤེར།
Photo: RFA

ཧོང་ཀོང་ས་གནས་སྲིད་གཞུང་གི་སྤྱི་ཁྱབ་(Carrie Lam)་ཡིས་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞི་གཞིར་བཟུང་གློག་བརྙན་ཁག་ལ་ཞིབ་བཤེར་བྱ་རྒྱུའི་ཐག་གཅོད་བྱས་ལུགས་བཤད་འདུག
ཧོང་ཀོང་གི་རང་དབང་གསར་ཤོག་གམ་(Hong Kong Free Press)་ཡིས་གནས་ཚུལ་སྤེལ་དོན་ལྟར་ན། ཧོང་ཀོང་ས་གནས་ཀྱི་སྤྱི་ཁྱབ་(Carrie Lam)་ཡིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོ་གཞིར་ཆགས་པའི་གློག་བརྙན་ཁག་ལ་ཞིབ་བཤེར་བྱ་རྒྱུའི་ཐག་གཅོད་བྱས་པ་དེས་གློག་བརྙན་བཟོ་བསྐྲུན་པའི་ཁྲོད་གསར་གཏོད་ལ་གནོད་སྐྱོན་འགྲོ་རྒྱུ་མིན་ལུགས་བཤད་ནས། བདུན་ཕྲག་སྔོན་མར་ཧོང་ཀོང་ས་གནས་གཞུང་གིས་གློག་བརྙན་ཁག་ལ་ཞིབ་བཤེར་བྱ་རྒྱུའི་ཐག་གཅོད་བྱས་པ་དེ་སྲུང་སྐྱོབ་བྱ་རྒྱུའི་ཐབས་ཤེས་བྱས་འདུག
ལོ་གཅིག་གི་གོང་། རྒྱ་ནག་གཞུང་གིས་ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོབ་ཀྱི་ཁྲིམས་གཞི་ཟེར་བ་བཙན་བཀེལ་བྱས་པ་དང་། ས་གནས་གཞུང་གིས་གོང་ཞུས་ཐག་གཅོད་དེ་ལག་བསྟར་བྱས་པའི་རྐྱེན་གྱིས་ཧོང་ཀོང་ནང་གི་སྨྲ་བརྗོད་རང་དབང་མུ་མཐུད་དུ་རིམ་ཟད་དུ་འགྲོ་བཞིན་པར་མི་མང་ཚོས་ཞེད་སྣང་བྱེད་ཀྱི་ཡོད་འདུག ཡིན་ན་ཡང་(Carrie Lam)་ཡིས་ཧོང་ཀོང་ནང་སྨྲ་བརྗོད་རང་དབང་ལོངས་སུ་སྤྱོད་དབང་ཡོད་པ་དང་། རྒྱལ་ཡོངས་བདེ་འཇགས་སྲུང་སྐྱོབ་ཀྱི་ཁྲིམས་གཞི་ཆ་ཚང་དངོས་སུ་ལག་ལེན་བསྟར་མེད་སྟབས་གློག་བརྙན་དང་འབྲེལ་བའི་ལམ་སྟོན་ཁག་གསལ་པོ་མེད་ལུགས་འདི་ཚེས་༡༥་ཉིན་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་བརྗོད་འདུག
ཟླ་བ་སྔོན་མར་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་རྣམས་ཀྱིས་གོ་སྒྲིག་གནང་བའི་སྒེར་གྱི་གློག་བརྙན་བཏོན་ས་ཁག་ལ་དམ་དྲག་བྱས་ནས། ཕྱི་ལོ་༡༩༨༩་ལོའི་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་རྒྱ་ནག་གི་སློབ་ཕྲུག་གཙོ་བོར་གྱུར་བའི་མང་ཚོགས་སྟོང་ཕྲག་མང་པོ་འཛོམས་ནས་རྒྱ་ནག་ནང་མང་གཙོའི་ལམ་ལུགས་དགོས་པའིདགོས་འདུན་བཏོན་ནས་གཞི་རྒྱ་ཆེ་བའི་ངོ་རྒོལ་ལས་འགུལ་སྤེལ་བའི་ཐོག རྒྱ་ནག་གཞུང་གིས་དམག་མི་བཏང་སྟེ་དྲག་གནོན་བྱས་པའི་དངོས་བྱུང་གློག་བརྙན་སོགས་བསྟན་ན་དེ་ནི་ཁྲིམས་དང་འགལ་ཚུལ་གྱིས་སྟོན་མི་ཆོག་པའི་ཉེན་བརྡ་བཏང་ཡོད་པ་རེད། ཡང་རྒྱལ་སྤྱིའི་གློག་བརྙན་ཐུང་ངུའི་དུས་ཆེན་ཐོག་(Far From Home)་ཞེས་པའི་གློག་བརྙན་སྟོན་རྒྱུར་ཆོག་མཆན་མ་ཐོབ་པའི་རྐྱེན་གྱིས་དུས་ཆེན་དེ་ནས་ཕྱིར་འཐེན་བྱེད་དགོས་བྱུང་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།