ཧོང་ཀོང་རང་བཙན་རྩོད་མཁན་གྱི་ཚོགས་པའི་འགོ་ཁྲིད་ཟུར་པ་ཞིག་ལ་ཁྲིམས་ཐག་བཅད་འདུག

2021-11-23
Share
ཧོང་ཀོང་རང་བཙན་རྩོད་མཁན་གྱི་ཚོགས་པའི་འགོ་ཁྲིད་ཟུར་པ་ཞིག་ལ་ཁྲིམས་ཐག་བཅད་འདུག ཧོང་ཀོང་རང་བཙན་རྩོད་མཁན་གྱི་ཧོང་ཀོང་སློབ་ཕྲུག་གི་ཚོགས་པའི་འགོ་ཁྲིད་གནང་མྱོང་བ་(Tony Chung)་ཁྲིམས་ཁང་དུ་ཁྲིད་སྐབས། ༡༠།༢༩།༢༠༢༠
Reuters /སྒྲིག་བཟོ།

རོའུ་ཊར་གསར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཧོང་ཀོང་རང་བཙན་རྩོད་ལེན་བྱེད་མཁན་གྱི་ཧོང་ཀོང་སློབ་ཕྲུག་གི་ཚོགས་པའི་འགོ་ཁྲིད་གནང་མྱོང་བ་རང་ལོ་༢༠་ཡིན་པ་(Tony Chung)་ལགས་ཀྱིས་ཕྱི་ལོ་༢༠༢༠་ལོའི་ཕྱི་ཟླ་བཅུ་པའི་ནང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ལུགས་ཟེར་བའི་ནང་དོན་དང་འགལ་ནས། རྒྱལ་ཁབ་ཁ་བྲལ་དང་ཁྲིམས་འགལ་གྱི་དངུལ་ཁྲིམས་མཐུན་བཟོ་རྩིས་བྱས་པའི་ཉེས་བཙུགས་ཀྱིས་འཛིན་བཟུང་བྱས་ཡོད་པ་དང་། སྐབས་དེ་དུས་མ་དངུལ་གཏའ་མར་བཞག་ནས་གནས་སྐབས་གློད་བཀྲོལ་གཏོང་རྒྱུར་ཧོང་ཀོང་ཁྲིམས་ཁང་གིས་ཁས་ལེན་མ་བྱས་པར་བཀག་ཉར་བྱེད་མུས་ཡིན་པ། ད་ཆ་ཟླ་བ་༤༣་གྱི་དུས་བཀག་ཁྲིམས་ཐག་བཅད་འདུག ཧོང་ཀོང་ཁྲིམས་ཁང་གིས་(Tony Chung)་ལ་ཁྲིམས་གཏུགས་ཀྱི་ཉེས་པ་ཁག་ནང་ནས་རྒྱལ་ཁབ་ཁ་བྲལ་གྱི་ཉེས་འཛུགས་དང་། ཁྲིམས་འགལ་གྱི་དངུལ་ཁྲིམས་མཐུན་བཟོས་པའི་ཉེས་འཛུགས་བྱས་བ་ཁག་ཅིག་ལ་ཁོང་གིས་ཁས་ལེན་བྱས་ཡོད་པ་དང་། དེ་མིན་ངོ་རྒོལ་གྱེན་ལངས་དང་མ་དངུལ་ཁྲིམས་མཐུན་བཟོས་ལུགས་ཀྱི་ཉེས་བཙུགས་གཞན་ཁག་ཅིག་ཁས་ལེན་བྱས་མེད་པ་རེད།
ཧོང་ཀོང་གི་ཁྲིམས་ཞིབ་པ་(Ivan Cheung)་བརྗོད་པར་གཞིགས་ན། གྱོད་ཡ་ (Tony Chung)་གྱིས་ཨ་རིའི་སློབ་ཕྲུག་གི་ས་གནས་རིང་ལུགས་ཀྱི་ཡན་ལག་ཚོགས་པ་ཞིག་དང་། དེ་མིན་ཧོང་ཀོང་རང་བཙན་གྱི་འདོད་ཚུལ་འཛིན་མཁན་གྱི་ཚོགས་པའི་ངོ་དེབ་ཀྱི་དོ་དམ་པའི་ལས་འགན་ཁུར་ཡོད་ལུགས་དང་། གྱོད་ཡའི་ཁྱིམ་དུ་རང་བཙན་ལ་རྒྱབ་སྐྱོར་གྱི་སྟོད་གོས་དང་དར་ཆ་དེབ་སོགས་ཡོད་པ་མ་ཟད། (PayPal)་དངུལ་གཏོང་ལེན་བརྒྱུད་ནས་ཁྲིམས་འགལ་གྱི་མ་དངུལ་ཁྲིམས་མཐུན་བཟོས་པའི་དཔང་རྟགས་ཡོད་ལུགས་བརྗོད་ཡོད་འདུག
ཧོང་ཀོང་ནང་གི་ཚོགས་པ་མང་ཆེ་བ་དང་འདྲ་བར་སློབ་ཕྲུག་གི་ས་གནས་རིང་ལུགས་ཚོགས་པ་ཟེར་བས་ཀྱང་ཧོང་ཀོང་ནང་། ཕྱི་ལོ་༢༠༢༠་ལོའི་ཕྱི་ཟླ་དྲུག་པའི་ནང་རྒྱལ་ཁབ་བདེ་འཇགས་ཁྲིམས་ལུགས་གཏན་འབེབས་ལག་བསྟར་མ་བྱས་སྔོན་ཚོགས་པ་མེད་པ་བཟོས་ཟིན་ཡོད་པ་རེད།
རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ལུགས་ཟེར་བའི་ནང་། རྒྱལ་ཁབ་མགོ་སྟིང་སློག་རྩིས་དང་། ཁ་བྲལ་གཏོང་ཐབས། འཇིགས་སྐུལ་རིང་ལུགས་དང་ཕྱི་རྒྱལ་གྱི་སྟོབས་ཤུགས་ཟེར་བ་དང་ངན་འབྲེལ་གྱི་བྱ་སྤྱོད་ཐད་ཁྲིམས་ཐག་མཐོ་ཤོས་ཚེ་བཙོན་གྱི་ཁྲིམས་ཐག་གཅོད་རྒྱུའི་ནང་དོན་བཀོད་ཡོད་པ་རེད་འདུག ཧོང་ཀོང་ནང་རྒྱ་ནག་གཞུང་གིས་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ལུགས་ཟེར་བ་གཏན་འབེབས་ལག་བསྟར་བྱས་པའི་རྗེས། ཧོང་ཀོང་དེ་བཞིན་མྱུར་ཚད་མགྱོགས་པོའི་ཐོག་ནས་དབང་ཆ་གཅིག་ཏུ་སྒྲིལ་བའི་ལམ་བུར་བསྐྱོད་ཡོད་པ་དང་། དམངས་གཙོ་ཚོགས་པའི་ཆབ་སྲིད་མི་སྣ་མང་ཆེ་བར་ཉེས་བཙུགས་འདྲ་མིན་ཐོག་ནས་བཙོན་འཇུག་དང་། ཡང་ན་མི་འདོད་བཞིན་ཕྱི་རྒྱལ་ཡུལ་ཁག་ཏུ་བཙན་བྱོལ་དུ་འགྲོ་དགོས་པའི་གནས་སྟངས་འོག དམངས་ཁྲོད་ཀྱི་ཚོགས་པ་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་བཅུ་ཕྲག་ཁ་ཤས་ཁ་ཐོར་དུ་ཕྱིན་ཡོད་པའི་ཁར། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་ཡང་ཧོང་ཀོང་ནས་ཁ་བྲལ་དགོས་པའི་གནས་སྟངས་སུ་གྱུར་ཡོད་པ་རེད།

གསར་འགོད་པ། འཆི་མེད།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།