རྒྱ་ནག་གི་ཁྲིམས་གཞི་གསར་བའི་དམ་དྲག་གི་དབང་གིས་ཧོང་ཀོང་ནང་གི་ཨ་རིའི་ཚོང་པ་མང་པོ་ཕྱིར་ལོག་བྱེད་རྩིས་འདུག

2021-05-12
Share
རྒྱ་ནག་གི་ཁྲིམས་གཞི་གསར་བའི་དམ་དྲག་གི་དབང་གིས་ཧོང་ཀོང་ནང་གི་ཨ་རིའི་ཚོང་པ་མང་པོ་ཕྱིར་ལོག་བྱེད་རྩིས་འདུག ཨ་རིའི་རང་བཙན་ཉིན་ཧོང་ཀོང་ནང་གི་ཨ་རིའི་གཞུང་ཚབ་ཡན་ལག་ལག་ཁང་མདུན་བུད་མེད་ཞིག་གིས་ཨ་རིའི་རྒྱལ་དར་འཕྱར་བར་ཉེན་རྟོག་པས་བཀག་འགོག་བྱེད་བཞིན་པ། ༧།༤།༢༠༢༠
AFP

ཧོང་ཀོང་ནང་རྒྱ་ནག་གི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞི་ཟེར་བ་ལག་བསྟར་གྱིས་དམ་དྲག་ཆེ་རུ་འགྲོ་བཞིན་པའི་གནང་སྟངས་འོག་ཨ་མི་རི་ཀའི་ཚོང་པའི་མཐུན་ཚོགས་ཀྱི་ཚོགས་མི་བརྒྱ་ཆ་༤༠་ལྷག་ཧོང་ཀོང་ནས་ཕྱིར་ཐོན་རྩིས་ཡོད་འདུག
དེ་ཡང་ཨ་མི་རི་ཀའི་ཚོང་པའི་ལྷན་ཚོགས་ཀྱིས་ཕྱི་ཟླ་ལྔ་པའི་ཚེས་༥་ནས་༩་བར་བསམ་ཚུལ་བསྡུ་རུབ་བྱས་བའི་གྲུབ་དོན། མཉམ་ཞུགས་བྱེད་མཁན་ཚོགས་མི་མི་གྲངས་༣༢༥་ཡི་ཁྲོད་ནས་བརྒྱ་ཆ་༤༢་ཧོང་ཀོང་ནས་རིམ་པས་ཕྱིར་ཐོན་བྱེད་རྩིས་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་དང་། དེའི་རྒྱུ་མཚན་གཙོ་བོ་ནི་ཧོང་ཀོང་ནང་རྒྱ་ནག་གི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གསར་པའི་དམ་དྲག་གི་གནོན་ཤུགས་འོག་སྡོད་བཟོད་མེད་པས་ཡིན་པ་དང་། རྒྱུ་མཚན་གཞན་གྱི་གྲས་སུ་ཧོང་ཀོང་ནང་ནད་ཡམས་ལ་སྟངས་འཛིན་བྱེད་ཕྱོགས་དང་འབྱུང་འགྱུར་གྱི་འགྲན་རྩོད། གཏན་སྡོད་ཀྱི་འགྲོ་སོང་ཆེ་བ། ཤེས་ཡོན་གྱི་གནས་ཚད་སྐྱོ་རུ་འགྲོ་བཞིན་པ་སོགས་ཡིན་འདུག
ཨ་མི་རི་ཀའི་ཚོང་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་(Tara Joseph)་གྱིས་མི་མང་པོས་ཧོང་ཀོང་གྲོང་ཁྱེར་ནང་སྡོད་རྒྱུར་དགའ་མོས་བྱེད་མུས་ཀྱང་ད་ལྟའི་གནས་སྟངས་ལ་དངངས་འཚབ་དང་འཇིགས་སྣང་བྱེད་ཀྱི་ཡོད་ལུགས་གསུངས་གནང་འདུག ཡང་བསམ་ཚུལ་བསྡུ་རུབ་ནང་མཉམ་ཞུགས་པ་ཞིག་གིས། དེ་སྔོན་ཧོང་ཀོང་ནང་སྐད་ཆ་ག་རེ་བཤད་ཀྱང་རུང་རྩོམ་ག་རེ་བྲིས་ཀྱང་རུང་སེམས་ཁྲལ་བྱེད་དགོས་བ་མེད། ད་ཆ་བརྒྱུད་ལམ་ཁག་དང་གཞུང་གི་བསྒྲགས་གཏམ་ནང་ཕྱི་མི་ཚོར་འཁོན་འཛིན་ཆེ་རུ་ཕྱིན་ཡོད་ལུགས་འགྲེལ་བརྗོད་
བྱས་འདུག
གྲུབ་དོན་ལྟར་ན། ཧོང་ཀོང་ནས་ཕྱིར་ཐོན་རྩིས་ཡོད་པའི་གྲས་ནས་བརྒྱ་ཆ་གསུམ་འཕྲལ་དུ་ཕྱིར་ཐོན་རྒྱུ་དང་། བརྒྱ་ཆ་བཅུ་དབྱར་དུས་རྫོགས་པ་དང་ཕྱིར་ལོག་རྒྱུ། བརྒྱ་ཆ་༡༥་ལོ་མཇུག་ཙམ་དང་བརྒྱ་ཆ་༤༨་ལོ་གསུམ་ནས་ལྔའི་ནང་ཕྱིར་ལོག་བྱེད་རྩིས་ཡོད་འདུག
ཨ་རིའི་ཚོང་པའི་ལྷན་ཚོགས་ཀྱིས་སྔ་ལོ་ཕྱི་ཟླ་བརྒྱད་པའི་ནང་བསམ་ཚུལ་བསྡུ་རུབ་བྱས་སྐབས། ཚོང་ལས་ཁང་༡༥༤་ནས་བརྒྱ་ཆ་༣༩་ཡིས་བདེ་འཇགས་ཀྱི་ཁྲིམས་གཞི་གསར་པའི་གནོན་ཤུགས་མ་བཟོད་པར་གནས་སྤོ་བྱ་རྒྱུའི་འཆར་གཞི་འཐེན་གྱི་ཡོད་འདུག དེ་ལྟར་ཡང་གནས་སྤོ་བྱ་རྒྱུ་འགྲོ་སོང་ཆེ་བར་བརྟེན་ད་ལྟའི་སྐབས་སུ་ཨ་མི་རི་ཀའི་ཚོང་པ་ཆེ་ཁག་དུས་གཅིག་ལ་ཕྱིར་ལོག་བྱེད་རྩིས་མེད་པ་རེད།
ཧོང་ཀོང་ནང་ད་བར་ཡུལ་མི་༡༠༠་ལྷག་འཛིན་བཟུང་བྱས་པ་ནས་མང་ཆེ་བ་ཆབ་སྲིད་ཀྱི་ལང་ཕྱོགས་མི་འདྲ་བ་འཛིན་མཁན་ཤ་སྟག་ཡིན་པ་དང་། འདི་ཚེས་༡༡་རེས་གཟའ་མིག་དམར་ཉིན་ཧོང་ཀོང་ཉེན་རྟོག་སྤྱི་ཁྱབ་(Chris Tang)་གྱིས་གསར་ལམ་ཁག་གི་བྱ་སྤྱོད་ལ་ཉེན་བརྡ་བཏང་ཡོད་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།