ཧུ་ཇིན་ཏའོས་བོད་རྒྱའི་གྲོས་མོལ་གྲུབ་འབྲས་ཐོན་རྒྱུར་རེ་འདུན་བརྗོད།
རྒྱ་ནག་གི་སྲིད་འཛིན་ནས་བོད་རྒྱའི་གྲོས་མོལ་ལ་བཟང་ཕྱོགས་ཀྱི་ གྲུབ་འབྲས་ཤིག་ཐོན་རྒྱུའི་རེ་བ་ཡོད་པའི་སྐོར་བཤད་ཡོད་པ་རེད།
-
2008-05-04 -
-
-
༄༅༎རྒྱ་ནག་གི་སྲིད་འཛིན་ཧུ་ཇིན་ཏའོ་ཡིས་ད་རེས་རྒྱ་ནག་ཏུ་ཕེབས་པའི་༧གོང་ས་༧སྐྱབས་མགོན་
ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་རྣམ་གཉིས་བར་གྱི་གྲོས་མོལ་ལ་བཟང་ཕྱོགས་ཀྱི་གྲུབ་འབྲས
་ཤིག་ཐོན་རྒྱུའི་རེ་བ་ཡོད་པའི་སྐོར་བཤད་ཡོད་པ་རེད། བོད་མིའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་
༧སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་རིན་པོ་ཆེ་དང་སྐལ་བཟང་རྒྱལ་མཚན་
ལགས་རྣམ་གཉིས་རེས་གཟའ་སྤེན་པའི་ཉིན་རྒྱ་ནག་ཏུ་ཕེབས་འབྱོར་ནས། ད་རིང་རྒྱ་ནག་གི་འབྲེལ་ཡོད་
དཔོན་རིགས་དང་བཀའ་བསྡུར་འགོ་བཙུགས་གནང་གི་ཡོད་ཅིང༌། རྒྱ་ནག་གི་སྲིད་འཛིན་ཧུ་ཇིན་ཏའོ་ཡིས་
ད་རིང་རྒྱལ་ས་པེ་ཅིང་དུ་ཉི་ཧོང་གི་གསར་འགོད་པར་ཏཱ་ལའི་བླ་མའི་ཕྱོགས་གཏོགས་དང་ད་རིང་ནས
་ཐུག་འཕྲད་འགོ་བཙུགས་ཀྱི་ཡོད་པ་དེར་བཟང་ཕྱོགས་ཀྱི་གྲུབ་འབྲས་ཤིག་ཐོན་རྒྱུའི་རེ་བ་ཡོད་ཅེས་
བཤད་ཡོད་པའི་སྐོར་ཉི་ཧོང་གི་ཀྱིཡོ་ཊོ་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་ཡོད་པ་རེད།
ད་རེས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་དང་རྒྱ་ནག་གི་དཔོན་རིགས་བར་
བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་སྟངས་སེལ་ཐབས་སོགས་ཀྱི་གནད་དོན་ཐད་བཀའ་བསྡུར་གནང་བར་
ཕེབས་པ་དེ་ནི་བར་ལམ་ཕྱི་ཟླ་གསུམ་པ་ནས་བོད་ནང་གི་བོད་མི་ཚོས་རང་དབང་འཐབ་རྩོད་ཀྱི་ལས་འགུལ་
མུ་མཐུད་སྤེལ་བ་ནས་བཟུང་ཐེངས་དང་པོ་རྒྱ་ནག་ཏུ་འཚམས་འདྲིར་ཕེབས་པ་ཞིག་དང་རྒྱ་ནག་གཞུང་འབྲེལ་
ཤིང་ཧཱ་གསར་ཤོག་ཐོག་ལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་རྣམ་གཉིས་དང་རྒྱ་ནག་གི་
ཐབས་ཕྱོགས་གཅིག་འགྱུར་པུའུ་ཡི་བློན་ཆེན་གཞོན་པ་གཉིས་དང་མཇལ་འཕྲད་བཀའ་བསྡུར་གནང་གི་
ཡོད་པའི་སྐོར་གནས་ཚུལ་སྤེལ་ཡོད་པ་རེད། དེ་བཞིན་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་ཟམ་གདོང་
རིན་པོ་ཆེས་བཞུགས་སྒར་དུ་མི་དམངས་ཀྱི་འདུ་འཛོམས་ཐོག་ཕྱོགས་གཉིས་ཀྱི་སྐུ་ཚབ་རྣམས་རྒྱ་ནག་གི་ལྷོ་ཕྱོགས་
གྲོང་ཁྱེར་ཧྲེན་ཀྲེན་ནང་ཉིན་གཅིག་གཉིས་རིང་བཀའ་བསྡུར་གནང་རྒྱུ་ཡིན་པ་དང་སྐུ་ཚབ་རྣམ་གཉིས་ཀྱི་
ངོས་ནས་ད་ལྟའི་བོད་ཀྱི་ས་ཁུལ་ནང་གི་ཛ་དྲག་གི་གནས་སྟངས་དང་རྒྱ་ནག་གཞུང་གིས་ཕྱི་ཟླ་༣ པའི་ཚེས་༡༤ ཉིན་དྲག་པོའི་ཟང་ཟིང་གི་དོན་རྐྱེན་དང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་འབྲེལ་བ་ཡོད་པ་སྐྱོན་འཛུགས་
བྱེད་པའི་ཛ་དྲག་དཀའ་རྙོག་དེ་དག་སེལ་ཐབས་ཀྱི་བཀའ་བསྡུར་གནང་རྒྱུའི་འཆར་གཞི་ཡོད་པ་མ་ཟད།
ད་རེས་ཀྱི་མཇལ་འཕྲད་དེར་བཟང་ཕྱོགས་ཀྱི་གྲུབ་འབྲས་ཤིག་སོན་པའི་ཐུགས་རེ་གནང་གི་ཡོད་ཅེས་གསུངས་
ཡོད་པ་ཨེ་པི་གསར་འགྱུར་ལས་ཁང་གིས་ལུང་འདྲེན་བྱས་ཡོད་པ་རེད