སུད་སི་སྐུ་ཚབ་དོན་གཅོད་ཁང་གིས་སུད་སིའི་གྲོས་ཚོགས་ལ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་སྙན་སེང་ཞུས་འདུག

2021-09-21
Share
སུད་སི་སྐུ་ཚབ་དོན་གཅོད་ཁང་གིས་སུད་སིའི་གྲོས་ཚོགས་ལ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་སྙན་སེང་ཞུས་འདུག སུད་སི་སྐུ་ཚབ་དོན་གཅོད་ཁང་གིས་སུད་སིའི་གྲོས་ཚོགས་ལ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་སྙན་སེང་ཞུས་སྐབས། ༩།༢༠།༢༡
Tibet Bureau Geneva

སུད་སི་སྐུ་ཚབ་དོན་གཅོད་ཁང་གིས་ཕྱི་ཚེས་༢༠་རེས་གཟའ་ཟླ་བའི་ཉིན་སུད་སིའི་གྲོས་ཚོགས་ལ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྙན་སེང་ཞུས་གནང་འདུག
དེ་ཡང་སུད་སི་ནང་སྟོན་དུས་ཀྱི་གྲོས་ཚོགས་ཚུགས་བཞིན་པའི་སྐབས་དང་བསྟུན། སུད་སི་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དང་། སུད་སི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ། ཡང་སུད་སི་གྲོས་ཚོགས་ཀྱི་སུད་སི་དང་རྒྱ་ནག་མཐུན་གྲོགས་ཚོགས་པ། གཞན་ཡང་སུད་སི་གྲོས་ཚོགས་ཀྱི་རྒྱལ་སྤྱིའི་ཆིག་སྒྲིལ་ཚོགས་པ་བཅས་ཐོུང་གིས་གོ་བསྒྲིགས་ཞུས་པའི། “སུད་སི་གཞུང་གིས་རྒྱ་ནག་ཐད་ལ་སྲིད་བྱུས་ལག་བསྟར་གནང་ཕྱོགས་དང་འབྲེལ་གྲོས་ཚོགས་ཀྱིས་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་འགན་འཁུར་”ཞེས་པའི་བརྗོད་གཞིའི་ཐོག་ཉན་ཞིབ་གནང་བའི་སྐབས། སུད་སི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་དང་། དོན་གཅོད་ཁང་གི་གྲོས་ཚོགས་ཀྱི་ལས་དོན་འགན་འཁུར་ལས་བྱེད་སྐལ་ལྡན་མཚོ་མོ་ལགས། ཡང་སུད་སི་དང་བོད་མིའི་མཐུན་གྲོགས་ཚོགས་པའི་ཚོགས་གཙོ་(Thomas Buchli)་བཅས་པ་ཆེད་བཅར་ཞུས་ཡོད་འདུག
སྐབས་དེའི་གནས་ཚུལ་སུད་སི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་རྒྱལ་ཚོགས་ནང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཞུ་གཏུག་གནང་མཁན་སྐལ་ལྡན་མཚོ་མོ་ལགས་སུ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་བཅར་འདྲི་ཞུས་སྐབས། ཁོང་མོས་གསུངས་ན། རྒྱ་ནག་གཞུང་གི་འགོ་ཁྲིད་ཚོས་བོད་ནང་བོད་མིའི་ཆོས་དང་རིག་གཞུང་སྐད་ཡིག་དང་བཅས་པ་རྩ་མེད་བཟོ་རྒྱུར་དམིགས་ཏེ་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་རེ་རེ་བཞིན་ཐེར་འདོན་གྱིས་ངོ་སྤྲོད་གནང་རྒྱུ་བྱུང་བ་དང་། དེའི་ནང་དཔེར་ན། ཤེས་ཡོན་སློབ་གསོའི་ལས་དོན་ནང་མཚོན་ན། བོད་ནང་བོད་ཕྲུག་ཚོར་སློབ་གསོའི་སློབ་ཚན་ཡོངས་རྫོགས་རྒྱ་ཡིག་ནང་སློབ་ཁྲིད་ཀྱིས་ད་ཆ་བོད་ཕྲུག་ཚོའི་ཁྲོད་རང་གི་ཕ་སྐད་ཡང་བཤད་མ་ཐུབ་པའི་གནས་སྟངས་ཆགས་བཞིན་པ་སོགས་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་རྒྱུའི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཕྱོགས་གང་ས་ནས་གནས་སྟངས་ཧ་ཅང་གི་ཛ་དྲག་ཏུ་འགྱུར་བཞིན་ཡོད་པ་ངོ་སྤྲོད་གནང་བ་དང་མཉམ། སུད་སི་གཞུང་གིས་རྒྱ་ནག་ཚུད་པའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ཞིབ་འཇུག་གིས་ལོ་འཁོར་སྙན་ཐོ་ཞིག་འདོན་སྤེལ་གནང་དགོས་པ་དང་། སུད་སི་གྲོས་ཚོགས་ནས་བོད་ནང་ཕར་འགྲོ་ཚུར་འོང་འདྲ་མཉམ་གྱི་ཁྲིམས་གཞི་གཏན་འབེབས་གནང་དགོས་པ། དེ་བཞིན་རྒྱ་ནག་དམར་ཤོག་གཞུང་གིས་ཐབས་ཤེས་འདྲ་མིན་འོག་སུད་སི་ནང་གནས་སྡོད་བོད་མི་བཙན་བྱོལ་བ་རྣམས་ལ་གནོན་ཤུགས་སྤྲོད་བཞིན་པའི་ཐད་ཞིབ་འཇུག་དང་གནང་དགོས་པའི་འབོད་སྐུལ་ཞུས་ཡོད་པ་བཅས་ངོ་སྤྲོད་གནང་བྱུང་།
ཡོ་རོབ་མངའ་ཁུལ་རྒྱལ་ཁབ་ཁག་གཞན་དང་མཚུངས་པར། ཉེ་བའི་ལོ་ཤས་ནས་སུད་སི་གཞུང་དམངས་གཉིས་ཀྱི་ཁྲོད་རྒྱ་ནག་གི་ཕྱོགས་སུ་ལྟ་སྟངས་ལ་ཅུང་འགྱུར་ལྡོག་འགྲོ་བཞིན་ཡོད་པ་དང་། དཔེར་ན། སྔར་ལོ་སུད་སི་གཞུང་གིས་ཕྱི་ལོ་༢༠༢༡་ནས་༢༠༢༤་བར་རྒྱ་ནག་ཕྱོགས་སུ་འཛིན་པའི་འཐབ་བྱུས་ཞེས་པའི་ཡིག་ཆ་ཆེས་ཐོག་མར་གསལ་སྟོན་གནང་ཡོད་པ་མ་ཟད། ཕྱི་ཟླ་༦་པའི་ནང་། སུད་སི་གཞུང་གིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་རྩ་དོན་ཐབས་བྱུས་ཀྱི་ལམ་སྟོན་ཡིག་ཆ་ཞེས་པ་འདོན་སྤེལ་གནང་སྟེ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་རྩ་དོན་དེ་གལ་ཆེ་དོན་ཆེན་ཞིག་ཡིན་པ་ངོས་འཛིན་དགོས་པ་ནན་བརྗོད་གནང་འགོ་བཙུགས་ཡོད་པ་རེད།

གསར་འགོད་པ། བློ་བཟང་ཡེ་ཤེས།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།