༄༅༎ཉེ་ཆར་འབྲུག་གི་རྒྱལ་ས་ཐིམ་བུའི་ནང་། ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཚོའི་འབྲེལ་ཡོད་རྣམས་ལྷན་ཚོགས་གནང་བའི་ཞོར་དུ་རྒྱ་གར་དང་ཁྱིམ་མཚེས་པ་ཀི་སི་ཏན་གཉིས་ཀྱི་འབྲེལ་ཡོད་རྣམ་པའི་དབར་མཇལ་འཕྲད་གནང་བ་བརྒྱུད་རིང་མིན་ཡུལ་གཉིས་དབར་གྲོས་མོལ་བསྐྱར་གསོ་གནང་རྒྱུའི་གྲོས་འཆམ་བྱུང་ཡོད་ལུགས་པ་ཀི་སི་ཏན་གྱི་ཕྱི་སྲིད་ལས་ཁུངས་ནས་སྤྱི་བསྒྲགས་སྤེལ་བའི་ནང་བཀོད་ཡོད་པ་རེད། གོང་ཞུས་སྤྱི་བསྒྲགས་ནང་དེའི་ནང་བཀོད་པར་ལྟར་ན། ཡུལ་གཉིས་ཀྱི་འབྲེལ་ཡོད་ཚོའི་དབར་འདི་ལོའི་ཕྱི་ཟླ་བདུན་པ་ཙམ་ལ་གྲོས་མོལ་གནང་རྒྱུ་ཡིན་པ་དང་། གནད་དོན་གཙོ་བོ་འཇིགས་སྐུལ་དྲག་སྤྱོད་པར་གདོང་ལེན་བྱེད་ཕྱོགས་དང་། རྩོད་རྙོག་ཅན་གྱི་བྱང་ཕྱོགས་ཀ་ཤི་མིར་གྱི་གནད་དོན་སོགས་ཀྱི་སྐོར་གྲོས་མོལ་གནང་འཆར་ཡོད་འདུག ཁྱིམ་མཚེས་རྒྱལ་ཁབ་གཉིས་དབར་ཕྱི་ལོ་༢༠༠༨ལོར་རྒྱ་གར་གྱི་གྲོང་ཁྱེར་མུམ་སྦ་ཡེ་ནང་། པ་ཀི་སི་ཏན་གྱི་མི་རིགས་ཡིན་པ་ཁག་ཅིག་ནས་བསམ་ཡུལ་ལས་འདས་པའི་འཇིགས་སྐུལ་དྲག་སྤྱོད་ཀྱི་གཏོར་རྒོལ་བཏང་བའི་རྗེས་སུ་གྲོས་མོལ་བྱེད་རྒྱུ་མཚམས་བཞག་ཡོད་པ་རེད། ད་ཆ་ཡུལ་གཉིས་དབར་གྲོས་མོལ་བསྐྱར་གསོ་བྱེད་རྒྱུའི་གྲོས་འཆམ་བྱུང་ཡོད་ཀྱང་སྲིད་དོན་དབྱེ་ཞིབ་པ་ཚོས་གྲོས་མོལ་དེ་བརྒྱུད་གྲུབ་འབྲས་དེ་ཙམ་ཐོན་བཟོ་ཡོད་པའི་རེ་བ་བྱེད་ཀྱི་མེད་པ་རེད།
ཡུལ་གཉིས་དབར་འབྲེལ་བ་ཡག་པོ་མེད་པ་དེས་རྒྱལ་ཁབ་དེ་གཉིས་ཙམ་མ་ཡིན་པར་ཨཕ་ག་ནི་སི་ཏན་གྱི་གནད་དོན་ཐོག་ལའང་རྒྱ་གར་དང་པ་ཀི་སི་ཏན་གཉིས་ཀས་ཐེ་བྱུས་ཡོད་པའི་ཆ་ནས་ཡུལ་དེའི་ནང་གི་བརྟན་ལྷིང་ལའང་རང་བཞིན་གྱི་དོ་ཕོག་ཐེབས་པ་དང་། དེས་རྐྱེན་པས་ཨ་མི་རི་ཀའི་ངོས་ནས་ཁྱིམ་མཚེས་རྒྱལ་ཁབ་གཉིས་དབར་གྲོས་མོལ་སླར་གསོ་ཡོང་ཐབས་སུ་གནོན་ཤུགས་སྤྲོད་ཀྱི་ཡོད་པ་ཞིག་ཡིན་འདུག
