རྒྱ་དཀར་ནག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་ཟུར་མཇལ་གྲོས་མོལ་གནང་ནས་ས་མཚམས་སྐོར་གླེང་འདུག

2021.09.17
རྒྱ་དཀར་ནག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་ཟུར་མཇལ་གྲོས་མོལ་གནང་ནས་ས་མཚམས་སྐོར་གླེང་འདུག རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་(Subrahmanyam Jaishankar)་མཆོག་དང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་(Wang Yi)་རྣམ་གཉིས།
AP and AFP

རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་མཆོག་གིས་རྒྱ་དཀར་ནག་བར་གྱི་འབྲེལ་བ་མདུན་སྐྱོད་བྱེད་པར་ ས་མཚམས་ཁུལ་ནས་ཕྱོགས་གཉིས་ཀས་དམག་དཔུང་ཕྱིར་འཐེན་བྱ་གལ་ཆེ་བ་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ལྷན་བཀའ་མོལ་སྐབས་ནན་བརྗོད་གནང་པ་གསུངས་ཡོད་ཀྱང་། གནས་ཚུལ་ལྟར་ན་ རྒྱ་ནག་གཞུང་གིས་རྒྱ་གར་དང་ས་འབྲེལ་བོད་དང་ཤར་ཏུར་ཀིསུ་ཐན་གཉིས་ནང་གནམ་ཐང་༣༠་ལྷག་གསར་རྒྱག་གི་ལས་གཞི་འགོ་འཛུགས་བྱས་ཡོད་པ་གསལ་འདུག
དེ་ཡང་འདི་ཚེས་༡༦་རེས་གཟའ་ཕུར་བུའི་ཉིན་(Tajikistan)་གྱི་རྒྱལ་ས་(Dushanbe)་རུ་མངའ་ཁུལ་གྱི་ལྷན་ཚོགས་ཞིག་གི་སར། རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་(Subrahmanyam Jaishankar)་མཆོག་དང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་(Wang Yi)་རྣམ་གཉིས་ཟུར་མཇལ་གྲོས་མོལ་གནང་ཡོད་པ་རེད།
རོའུ་ཊར་གསར་ལས་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཟུར་མཇལ་གྱི་གྲོས་མོལ་སྐབས་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་མཆོག་ནས་རྒྱལ་ཁབ་ཕན་ཚུན་བར་གྱི་ས་མཚམས་ཀྱི་དཀའ་རྙོག་དང་འབྲེལ་བའི་གནད་དོན་གླེང་སློང་གཙོ་བོ་གནང་ནས། ས་མཚམས་ཁུལ་ཞི་བདེ་བརྟན་ལྷིང་སླར་གསོ་བྱེད་པར་དེ་ཁུལ་དུ་དཔུང་འཇོག་བྱས་ཡོད་པའི་ཕྱོགས་གཉིས་ཀའི་དམག་དཔུང་ཕྱིར་འཐེན་བྱེད་དགོས་པ་ནི། དགོས་ངེས་ཅན་གྱི་ཆ་རྐྱེན་གཙོ་བོ་ཡིན་པར་གསུངས་ཡོད་ལུགས་ཁོང་གི་(Twitter)་དྲ་ཚིགས་ཐོག་བཀོད་པའི་གནས་ཚུལ་ལུངས་འདྲེན་བྱས་འདུག ད་དུང་གནས་ཚུལ་ནང་། རྒྱ་དཀར་ནག་གཉིས་ཀྱི་དམག་དཔོན་རིམ་པའི་བར་གྲོས་མོལ་རིམ་པ་བྱས་རྗེས། རྒྱ་གར་ལ་དྭགས་ཤར་ཕྱོགས་ཀྱི་སྤང་གོང་མཚོ་གཙོས་པའི་ས་ཁུལ་ཁག་ཅིག་ནས་ཕྱོགས་གཉིས་ཀས་དམག་མི་གང་མཚམས་ཕྱིར་འཐེན་བྱས་ཡོད་ཀྱང་ཁ་སྣོན་དཔུང་འཇོག་བྱས་པའི་དམག་མི་དང་གོ་མཚོན་མང་དག་ཞིག་མུ་མཐུད་གནས་ཡོད་པ་རེད། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་(Wang Yi)་ཡིས། རྒྱ་ནག་གི་ངོས་ནས་རྒྱ་གར་དང་ས་མཚམས་ཀྱི་གནད་དོན་སེལ་ཐབས་སླད་བཟང་ཕྱོགས་ཀྱི་ལྟ་ཚུལ་འཛིན་གྱི་ཡོད་པའི་ཐོག ས་མཚམས་ཁུལ་གྱི་དམག་འཁྲུག་གི་དོན་རྐྱེན་གཡོལ་ཐབས་དང་། ཞི་བདེ་ལྷིང་འཇགས་འབྱུང་ཐབས་ཐད་འབད་རྩོན་བྱེད་བཞིན་ཡོད་ལུགས་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ལ་གསུངས་ཡོད་འདུག འོན་ཀྱང་(Wionnews)་ཞེས་པའི་རྒྱ་གར་གྱི་གསར་ལས་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་དཀར་ནག་གཉིས་ཕྱོགས་ནས་ས་མཚམས་ཀྱི་རྙོག་གླེང་མཇུག་སྒྲིལ་ཐབས་གྱི་བཀའ་མོལ་གནང་བཞིན་ཡོད་མིན་ལ་མ་བལྟོས་བར། རྒྱ་ནག་གཞུང་གིས་རྒྱ་གར་དང་ས་འབྲེལ་བོད་དང་ཤར་ཏུར་ཀིསུ་ཐན་ནང་དམག་མི་དང་གོ་མཚོན་དབོར་འདྲེན་སྟབས་བདེའི་ཆེད། འགྲུལ་སྐྱེལ་གནམ་གྲུའི་གནམ་ཐང་༣༠་ཙམ་འཛུགས་བསྐྲུན་ཟིན་པ་དང་ཡང་ན་འཛུགས་བསྐྲུན་བྱེད་མུས་ཡིན་པ་བཀོད་འདུག

གསར་འགོད་པ། དོན་གྲུབ་རྣམ་རྒྱལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎