རྒྱ་གར་ལྦེ་སིཏ་སྦང་གལ་མངའ་སྡེའི་མིང་བསྒྱུར་ཡོད་པ།

དེ་སྔ་ལྦེ་སིཏ་སྦང་གལ་ཞེས་འབོད་པའི་རྒྱ་གར་གྱི་ཤར་ཕྱོགས་མངའ་སྡེ་དེར་ད་ནས་བཟུང་པསི་ཆིམ་སྦང་ག་ཞེས་འབོད་རྒྱུའི་ཐག་གཅོད་གནང་བ།

༄༅༎དེ་སྔ་ལྦེ་སིཏ་སྦང་གལ་ཞེས་འབོད་པའི་རྒྱ་གར་གྱི་ཤར་ཕྱོགས་མངའ་སྡེ་དེར། ད་ནས་བཟུང་གཞུང་འབྲེལ་ཐོག་ནས་པསི་ཆིམ་སྦང་ག་ཞེས་འབོད་རྒྱུའི་ཐག་གཅོད་གནང་འདུག 

དེ་ཡང་དེ་སྔ་ ཕྱི་ལོ་ ༡༩༤༧  གྱི་གོང་དུ་རྒྱ་གར་དེ་བཞིན་ཨིན་ཇིའི་བཙན་འོག་ཏུ་མི་ལོ་ཉི་བརྒྱ་ཙམ་གནས་དགོས་པ་བྱུང་བ་དང༌། ཨིན་ཇིའི་དབང་འོག་ཏུ་ཚུད་པའི་སྐབས་རྒྱ་གར་གྱི་ས་གནས་མང་པོའི་མིང་ལ་འགྱུར་བ་བཏང་ཡོད་སྟབས། རྒྱ་གར་རང་བཙན་ཐོབ་པའི་རྗེས། ཨིན་ཇིའི་བརྗེ་འགྱུར་བྱས་པའི་མིང་དེ་དག་མེད་པ་བཟོས་ཏེ། རྒྱ་གར་རང་གི་སྐད་རིགས་དང་མཐུན་པའི་མིང་འདོགས་བྱེད་དགོས་པའི་བསམ་ཚུལ་ཤུགས་ཆེན་པོ་ཐོན་པར་སོང༌།  འདས་པའི་ལོ་ཤས་ནང་གྲོང་ཁྱེར་ཆེ་ཁག དཔེར་ན། དེ་སྔ་སྦོམ་སྦེ་ཟེར་བར་མུམ་སྦའེ་དང༌།  མ་རྡ་རསེ་ཞེས་པར་ཆེ་ནའེ་། དེ་བཞིན་ནུབ་སྦང་གལ་གྱི་རྒྱལ་ས་ཀལ་ཀ་ཏ་ལ་ ཀོལ་ཀ་ཏ་ཞེས་འབོད་འགོ་བཙུགས་པ་ལྟར། འདི་ཚེས་ ༢ ཉིན་རྒྱ་གར་གྱི་ཤར་ཕྱོགས་ནུབ་སྦང་གྷལ་མངའ་སྡེའི་ས་གནས་གྲོས་ཚོགས་ནང་མང་མོས་ཐོག་ནས་ཁྲིམས་ཡིག་ཅིག་གཏན་འབེབ་བྱས་པའི་ནང༌། མངའ་སྡེ་དེར་ དེ་སྔ་ཨིན་ཇིའི་སྐད་ནང་ལྦེ་སིཏ་སྦང་གལ་ཞེས་འབོད་ཀྱི་ཡོད་པར་འགྱུར་བ་བཏང་སྟེ། ད་ནས་བཟུང་པསི་ཆིམ་སྦང་ག་ཞེས་འབོད་རྒྱུའི་ཐག་གཅོད་བྱུང་ཡོད་འདུག་ཀྱང༌། པསི་ཆིམ་ཞེས་པའི་ཚིག་དེ་ནི་རྒྱ་གར་གྱི་སྐད་ནང་ནུབ་ཕྱོགས་ཟེར་བའི་གོ་དོན་ཆགས་ཀྱི་ཡོད་པར་བརྟེན། མངའ་སྡེའི་དཔོན་རིགས་དང་ཉམས་ཞིབ་པ་ཁག་ཅིག་གིས་པསི་ཆིམ་ཞེས་པའི་ཚིག་དེ་མུ་མཐུད་འཇོགས་དགོས་པའི་རྒྱུ་མཚན་གང་ཡང་མཐོང་གི་མེད་སྐོར་ཤོད་ཀྱི་ཡོད་འདུག  སྐྱོན་བརྗོད་བྱེད་མཁན་དེ་དག་གིས་ཟེར་བར་བྱས་ན།  དེ་སྔ་མངའ་སྡེ་དེའི་མིང་ལ་ལྦེསིཏ་སྦང་ག་ ནམ་ཡང་ན་ནུབ་སྦང་གྷལ་ཞེས་འབོད་དགོས་པའི་རྒྱུ་མཚན་ནི།  ཨིན་ཇིའི་དབང་འཛིན་བྱེད་པའི་སྐབས་ སྦང་གྷལ་གྱི་ས་ཁུལ་དེ་ཁག་གཉིས་སུ་འགོ་ཤ་བརྒྱབ་སྟེ།  ཕྱོགས་གཅིག་ལ་ནུབ་སྦང་གྷལ་དང༌། ཕྱོགས་གཞན་དེར་ཤར་སྦང་གྷལ་ཞེས་མིང་འདོགས་བྱས་ཡོད་ཀྱང༌།  དེ་སྔའི་ཤར་སྦང་གྷལ་དེ་ད་ཆ་སྦང་ལ་རྡེཤ་ཞེས་པའི་རྒྱལ་ཁབ་ཆགས་ཟིན་པར་སོང༌། ཤར་སྦང་གལ་མེད་ན་ པསི་ཆིམ་ཞེས་མངའ་སྡེའི་མིང་གི་ཆ་ཤས་སུ་ནུབ་ཕྱོགས་ཟེར་བའི་ཚིག་དེ་བཞག་དགོས་དོན་གང་ཡང་མི་འདུག་ཅེས་ཤོད་ཀྱི་ཡོད་པའི་འགྲེལ་བརྗོད་བྱས་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org