རྒྱལ་སྤྱིའི་ཕ་སྐད་ཉིན་མོ་སྲུང་བརྩི།

༄༅༎འདི་ག་རླུང་འཕྲིན་ཁང་དུ་བོད་ནས་འབྱོར་བའི་གནས་ཚུལ་ལྟར་ན་བྱས་ན། ཕྱི་ཟླ་ ༢ ཚེས་ ༢༡ ཉིན་བོད་ཀྱི་ས་ཁུལ་མང་པོའི་ནང་བྱེད་སྒོ་འདྲ་མིན་གྱི་ཐོག་ནས་རྒྱལ་སྤྱིའི་སྐད་ཡིག་གི་ཉིན་མོ་སྲུང་བརྩི་ཞུས་འདུག་ཅིང་། དེ་ཡང་མདོ་སྨད་ཀན་ལྷོ་རྨ་ཆུ་དང་ཀླུ་ཆུ་སོགས་ཀྱི་ས་གནས་གང་སར་རྒྱལ་སྤྱིའི་སྐད་ཡིག་ཉིན་མོ་དང་འབྲེལ་བའི་འབོད་ཚིག་འདྲ་མིན་འཁོད་པའི་སྦྱར་ཡིག་སྦྱར་ཡོད་པ་མཐོང་རྒྱུ་ཡོད་པ་དེ་དག་གི་ནང། སྔོན་བྱོན་མེས་པོ་ཚོའི་དཔའ་ངར་དང་རྣམ་དཔྱོད་ལས་འཁྲུངས་པའི་རང་སྐད་རྣལ་མ། མི་རིགས་རིག་གནས་ཀྱི་ཉིང་བཅུད་འཛིན་པའི་གསེར་གྱི་ཕོར་པ། མདོ་དབུས་ཁམས་གསུམ་གྱི་མཛའ་མཐུན་སྦྲེལ་བའི་དངུལ་གྱི་ཨ་ལོང། ད་དུང་མ་འོངས་གངས་ཕྲུག་དག་གི་མདུན་ལམ་འཚོལ་བྱེད་ཀྱི་འོད་སྣང་གཅིག་པུ་སྟེ། བོད་ཀྱི་ཕ་སྐད་གཙང་མ་ཁྲི་ལོར་ཤོག་ཅེས་དང། ཕ་སྐད་དམ་སྲུང། བསྲེས་སྐད་གཏན་འདོར་ཞེས་པ་སོགས་འཁོད་ཡོད་འདུག
ཡང་དེ་བཞིན་ཨ་མདོ་མགོ་ལོག་ཁུལ་གྱི་གཅིག་སྒྲིལ་རྫོང། ཛ་ཡུལ་འབྲོག་སྡེའི་ས་གནས་ཀྱི་བོད་མི་དོན་གཉེར་ཅན་ཁག་གཅིག་མཉམ་འཛོམས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་མཐོང་གྲོལ་རིན་པོ་ཆེའི་མདུན། སྐད་ཡིག་སྲུང་སྐྱོབ་ཉིན་མོར་སྙན་ངག་གྱེར་འདོན་བྱེད་པ་སོགས་ཀྱི་ལས་འགུལ་སྤེལ་འདུག་ཅིང། སྐབས་དེར་ཁོང་ཚོའི་ཐོག་ས་གནས་རྒྱ་ནག་གི་འབྲེལ་ཡོད་ཚན་པས་དམ་བསྒྲགས་འདྲི་རྩད་དང། འདོད་བློར་མ་བབས་པའི་རྣམ་འགྱུར་སྟོན་འདུག་པར་མ་ཟད། ལས་འགུལ་བཀག་འགོག་བྱས་པའི་གནས་ཚུལ་ཡང་བྱུང་འདུག།