ཀརྨ་པ་མཆོག་གིས་རང་སྲེག་ཞི་རྒོལ་ཐད་འབོད་སྐུལ་བཀའ་སློབ།


2016-03-04
Share
སྒྲུབ་རྒྱུད་བསྟན་པའི་གཙུག་རྒྱན་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག སྒྲུབ་རྒྱུད་བསྟན་པའི་གཙུག་རྒྱན་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གི་ཉེ་བའི་སྐུ་པར། ༢༠༡༦
karmapa/FB

ཀརྨ་པ་མཆོག་གིས་མགོ་ནག་བོད་མི་གཅིག་ཡིན་ཡང་མུ་མཐུད་བདེ་ཐང་ངང་གསོན་གནས་ཡོང་བའི་གསོལ་འདེབས་ཞུས་གནང་འདུག
དེ་ཡང་སྤྱི་ལོ་༢༠༡༦ཟླ་༣་ཚེས་༤་ཉིན། སྒྲུབ་རྒྱུད་བསྟན་པའི་གཙུག་རྒྱན་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས་བོད་ཡིག་དང་དབྱིན་ཡིག་གཉིས་ཐོག་གསལ་བསྒྲགས་ཞིག་སྤེལ་བའི་ནང་། གཟའ་འཁོར་འདིའི་ནང་བོད་ཕྱི་ནང་གཉིས་ཀར་ལོ་ཆུང་བྱིས་པ་རེ་རང་སྲེག་བཏང་འདུག སེམས་ལ་ན་ཟུག་ཆེས་ཆེར་སློང་བའི་གནས་ཚུལ་འདི་དག་རྣ་བར་ཐོས་དུས། བཟོད་ཐབས་བྲལ་ཏེ་སླར་ཡང་གཞིས་བྱེས་བོད་མི་སྤུན་ཟླ་ཡོངས་ལ་འབོད་སྐུལ་ཞིག་ཞུ་འདོད་བྱུང་། ༢༠༠༩ ལོ་ནས་ད་བར་བོད་ཕྱི་ནང་དུ་བོད་མི་བརྒྱ་ཕྲག་དང་ཕྱེད་ལ་ཉེ་བས་གཅེས་པའི་རང་ ལུས་ཞུགས་སུ་ཕུལ་ཏེ་ཚད་མཐོའི་ལས་འགུལ་ཤུགས་ཆེར་སྤེལ་མོད། འོན་ཀྱང་མིག་སྔར་དེ་ལ་ཐོབ་འོས་པའི་སེམས་ཁུར་དང་། ཚེ་སྲོག་ལ་རིན་ཐང་དང་བརྩི་འཇོག །དེ་བཞིན་ཁོང་ཚོས་རང་སྲེག་གཏོང་བའི་རྒྱུ་རྐྱེན་དང་མངོན་འདོད་གང་ཡིན་ལ་དོ་ཁུར་བྱེད་མཁན་རྒྱལ་སྤྱི་དང་རྒྱལ་ཁབ་གང་ཡང་ཕལ་ཆེར་བྱུང་མེད་པའི་ཚོད་ཙམ་རེད། བོད་མི་ནང་ཁུལ་དུའང་དང་པོ་ཉིན་ཤས་རིང་དཔའ་བོ་རེད། དཔའ་མོ་རེད། ཧ་ལས་པ་རེད་ཟེར་འུར་སྒྲོགས་བྱེད་པ་ཙམ་གྱིས་མི་ཕན་པར། རང་སྲེག་གཏོང་མཁན་གྱི་ལུས་ཀྱི་ན་ཚ། ཤུལ་ལུས་ནང་མི་ཚོའི་སེམས་ཀྱི་སྡུག་བསྔལ། བོད་ཀྱི་འཕྲལ་ཕུགས་རྒྱང་གསུམ་ལ་ཕན་གནོད་ཅི་ཡོང་ཐད་བསམ་གཞིགས་གཏིང་ཟབ་བྱེད་རྒྱུ་གལ་ཆེན་པོ་རེད། ངའི་ངོས་ནས་མགོ་ནག་བོད་མི་གཅིག་ཡིན་ཡང་མུ་མཐུད་བདེ་ཐང་ངང་གསོན་གནས་ཡོང་བའི་གསོལ་འདེབས་ཞུ་རྒྱུ་ཡིན། བོད་ཡུལ་ནི་དེ་འདྲའི་རྒྱ་ཆེ་བ་ཞིག་ཡིན་ཡང་། བོད་པ་ནི་གྲངས་ཉུང་མི་རིགས་ཤིག་ཡིན་པས་བོད་ཀྱི་སྣོད་བཅུད་སྲུང་སྐྱོབ་ཀྱི་སླད་བོད་མི་རེ་རེ་ཡང་གསོན་པོར་འཚོ་རྒྱུ་ནི་ཧ་ཅང་གལ་གནད་ཆེ་ཞིང་། ལྷག་པར་རང་སྲེག་གཏོང་མཁན་ཕལ་ཆེར་ན་གཞོན་ཤ་སྟག་རེད་ལ། ཁོང་ཚོ་ནི་འབྱུང་འགྱུར་གྱི་རེ་བ་དང་སོན་རྩ་ཡིན་པས། འདི་ལྟར་ཚེ་སྲོག་གི་འགྲོ་གྲོན་བར་མེད་དུ་འགྲོ་བ་ནི་བོད་སྤྱི་ལ་མཚོན་ན་གྱོང་གུད་ཚབས་ཆེན་ཞིག་རེད། ང་ཚོས་ཕ་ཡུལ་གྱི་མ་འོངས་པ་དང་། མི་རིགས་ཀྱི་དཀའ་སྡུག་སེལ་བའི་ཆེད་དུ་དབུགས་ཀྱི་རྒྱུ་བ་གཅིག་ཡིན་ཡང་གཅེས་སྤྲས་དང་། ཆུ་ཚོད་སྐར་མ་གཅིག་ཡིན་ཡང་དམ་འཛིན་གྱིས། ཕུ་ནུ་ནང་མཐུན། སྤྱི་སེམས་གོང་སྤེལ། རྙིང་ཞེན་གུ་དོགས་ཀྱི་བློ་སྤངས་ཏེ། གནའ་དེང་གི་ཤེས་ཡོན་ལ་འབུར་དུ་ཐོན་པའི་གྲུབ་འབྲས་ཐོབ་པ་བྱས་ཏེ། ནམ་ཞིག་བོད་མི་རྣམས་རང་གི་རྐང་ཐོག་ཏུ་རང་ཉིད་ལངས་ཐུབ་པ་ཞིག་བྱུང་ན་གཞི་ནས་རང་རེའི་འདོད་དོན་འགྲུབ་ངེས་རེད་སྙམ་ཅེས་གསུངས་འཕྲིན་ནང་འཁོད་འདུག

གསར་འགོད་པ་ཀླུ་འབུམ།

འབྲེལ་ཡོད་གཤམ་ལ་གསན་རོགས་ཞུ༎

གསར་འགོད་པ་བློ་བཟང་ཡེ་ཤེས།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎