
ཀརྨ་པ་ཨྱོན་འཕྲིན་ལས་རྡོ་རྗེ་མཆོག་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་ནང་ཆིབས་བསྒྱུར་གནང་ནས་མཛད་འཆར་འདྲ་མིན་སྐྱོང་བཞིན་པ་རེད།
དེང་སྐབས་རྒྱལ་དབང་ཀརྨ་པ་ཨྱོན་འཕྲིན་ལས་རྡོ་རྗེ་མཆོག་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་ནང་ཆིབས་བསྒྱུར་གནང་བཞིན་པ་ལྟར། སྤྱི་ཟླ་༡༡་པའི་ཚེས་༢༩་ཉིན་ཀརྨ་པ་མཆོག་གིས་དད་ལྡན་མང་ཚོགས་སྟོང་ཕྲག་ཉི་ཤུ་ཙམ་ལ་ཚེ་དཔག་མེད་ཀྱི་བཀའ་དབང་སྩལ་གནང་མཛད་འདུག
ཚེས་༣༠་ཉིན་རྒྱ་གར་གྱི་དུས་བབ་Times of India་གསར་ཤོག་ཐོག་གནས་ཚུལ་སྤེལ་བའི་ནང༌། རྒྱལ་དབང་ཀརྨ་པ་མཆོག་ཨ་སམ་མངའ་སྡེའི་རྒྱལ་ས་གྷོ་ཧ་ཊི་ནས་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་ལགས་དང་ལྷན་དུ། འདི་ཚེས་༢༨་ཉིན་མོན་རྟ་དབང་ལ་ཕེབས་འབྱོར་སྐབས། མངའ་སྡེའི་གྲོས་ཚོགས་འཐུས་མི་ཁག་ཅིག་དང༌། རྟ་དབང་རྫོང་གི་འགོ་ཁྲིད་རྣམ་པ། དེ་བཞིན་ས་གནས་སུ་ཡོད་པའི་སེར་བྱེས་འཇམ་དབྱངས་ཆོས་འཁོར་གླིང་དང༌། མོན་དཔལ་སྤུངས་བྱང་ཆུབ་ཆོས་འཁོར་གླིང་གི་མཁན་བླ་དགེ་འདུན་པ་རྣམ་པ་དང་མང་ཚོགས་བཅས་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པའི་རྗེས། ཉིན་དེ་རང་དུ་རྟ་དབང་དགོན་པ་དང༌། སེར་བྱེས་འཇམ་དབྱངས་ཆོས་འཁོར་གླིང་དགོན་པ། སངས་རྒྱས་གླིང་དགོན་པ་བཅས་ལ་གནས་གཟིགས་དང་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ཅིག་ཐོག་མཉམ་ཞུགས་གནང་ཡོད་པ་དང༌། དེ་ནས་འདི་ཚེས་༢༩་ཉིན་ས་གནས་ཀྱི་ཡིད་དགའ་ཆོས་འཛིན་དགོན་པའི་ཉེ་འཁྲིས་སུ་ཡོད་པའི་རྩེད་ཐང་ཆེན་མོ་ཞིག་ཏུ་རྟ་དབང་རྫོང་གི་ས་གནས་གང་ས་ནས་འཛོམས་པའི་ཆོས་ཞུ་བ་མི་གྲངས་ཉིས་ཁྲི་ཙམ་ལ་ཚེ་དཔག་མེད་ཀྱི་བཀའ་དབང་བསྩལ་འདུག
རྒྱ་གར་དུས་བབ་ནང། རྒྱལ་དབང་ཀརྨ་པའི་ཐེངས་འདིའི་ཆིབས་བསྒྱུར་དེ་བཞིན་གནད་འགག་ཆེན་པོ་ཆགས་ཀྱི་ཡོད་པ་ནི། དེའི་སྔོན་དུ་ཁོང་ཧི་མ་ཅལ་མངའ་སྡེའི་མཐའ་མཚམས་ས་ཁུལ་སྒར་ཤ་དང་སྤི་ཏི་བཅས་པར་ཕེབས་རྒྱུར་ཆོག་མཆན་ཞུས་པར་རྒྱ་གར་གཞུང་གིས་བཀའ་འཁྲོལ་གནང་མེད་ཀྱང༌། རྒྱ་གར་དང་རྒྱ་ནག་དབར་བདག་དབང་གི་རྩོད་རྙོག་ཡོད་སའི་ཨ་རུ་ན་ཅལ་མངའ་སྡེར་ཉེ་ལམ་རྒྱ་གར་ནང་ཡོད་པའི་ཨ་རིའི་གཞུང་ཚབ་ཆེན་མོ་དང༌། ད་ཆ་རྒྱལ་དབང་ཀརྨ་པ་ཕེབས་རྒྱུར་རྒྱ་གར་གཞུང་ནས་ལམ་སེང་བཀའ་འཁྲོལ་གནང་ཡོད་རེད་ཅེས་བཀོད་འདུག
གསར་འགོད་པ་ངག་ཆོས།