༸སྐྱབས་རྗེ་ཀ་ཐོག་དགེ་རྩེ་རིན་པོ་མཆོག་གི་སྐུ་གདུང་ཞུགས་འབུལ་གནང་བ།


2018-12-25
Share
སྔ་འགྱུར་རྙིང་མའི་དབུ་འཛིན་ཀཿཐོག་དགེ་རྩེ་རིན་པོ་ཆེ་འགྱུར་མེད་བསྟན་པ་རྒྱལ་མཚན་མཆོག སྔ་འགྱུར་རྙིང་མའི་དབུ་འཛིན་ཀཿཐོག་དགེ་རྩེ་རིན་པོ་ཆེ་འགྱུར་མེད་བསྟན་པ་རྒྱལ་མཚན་མཆོག
Kathok Getse Rinpoche/fB

སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་བདུན་པ་༸སྐྱབས་རྗེ་ཀ་ཐོག་དགེ་རྩེ་རིན་པོ་ཆེ་འགྱུར་མེད་བསྟན་པ་རྒྱལ་མཚན་མཆོག་ཉེ་འཆར་དགོངས་པ་གཞན་དོན་དུ་གཤེགས་པར་ཟླ་བ་འདིའི་ཕྱི་ཚེས་༢༥ཉིན་བལ་ཡུལ་ཡང་ལེ་ཤོད་ཀྱི་བདུད་འཇོམས་རྣམ་གྲོལ་ཆོས་གླིང་ཞེས་པའི་རི་ཁྲོད་དུ་སྐུ་གདུང་ཞུགས་འབུལ་གནང་བའི་གནས་ཚུལ་འདུག

དེ་ཡང་ཉིན་དེའི་ཞོགས་པ་བལ་ཡུལ་སྔ་འགྱུར་ཨ་འཛོམས་ཀ་ཐོག་དགོན་ནས་སྐུ་གདུང་གདན་འདྲེན་གྱིས་བླ་སྤྲུལ་དགེ་འདུན་པ་དང་དད་ལྡན་མི་མང་གི་མཇལ་དར་བཟུང་ནས་དུང་རྒྱ་གླིང་གི་བསུས་ཏེ་གདུང་ཁང་དུ་གདན་དྲངས་བ་དང་ཆབས་ཅིག་སྐྱབས་ཐོ་ལྗགས་ཀློག་དང་དགེ་འདུན་པ་རྣམས་ལ་སྐུ་འགྱེད། ཚོགས་མགོན་དུ་ཕེབས་པའི་སྐྱབས་རྗེ་རྣམ་པར་སྐུ་གསུང་ཐུགས་རྟེན་འབུལ་བའི་རྗེས་སྦྱིན་སྲེག་གི་ཆོ་ག་དངོས་གཞི་འགོ་འཛུགས་གནང་ཡོད་པ་རེད།

སྐུ་གདུང་ཞུགས་འབུལ་གྱི་ཕྱག་ལས་འགན་ཁུར་གནང་མཁན་ནོར་བུ་བཀྲ་ཤིས་ལགས་ཀྱིས་གནས་ཚུལ་ངོ་སྤྲོད་གནང་བའི་ནང་། གདུང་ཁང་གི་ཕྱོགས་བཞི་རུ་སྨིན་གླིང་མཁན་ཆེན་རིན་པོ་ཆེ་དང་སྐྱབས་རྗེ་གྱང་ཁང་རིན་པོ་ཆེ།        སྐྱབས་རྗེ་ཀ་ཐོག་སུ་ཏི་རིན་པོ་ཆེ། ཨ་འཛོམས་མཆོག་སྤྲུལ་རྒྱལ་སྲས་རིན་པོ་ཆེ་རྣམ་པ་བཞི་གཙོར་བཞུགས་ཀྱིས་རྙིང་མའི་མ་དགོན་དྲུག་གི་བསྟན་བདག་བླ་སྤྲུལ་དང་འཐུས་ཚབ་རྣམ་པ།        དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ། ས་སྐྱ་དང་དགེ་ལུགས་བཀའ་བརྒྱུད་རྙིང་མ་གཡུང་དྲུང་བོན་དང་བཅས་པའི་ཆོས་བརྒྱུད་རིས་མེད་ཀྱི་འཐུས་ཚབ། དགེ་འདུན་འདུས་མང་བཅས་འདུ་འཛོམས་སར་སྐུ་གདུང་ཞུགས་འབུལ་གནང་བ་དང་། སྐུ་གདུང་ཞུགས་འབུལ་ཉིན་མོར་དགེ་འདུན་པ་བརྒྱ་ཕྲག་ཁ་ཤས་དང་།        དེ་བཞིན་བོད་མི་དང་ཧི་མ་ལའི་རི་རྒྱུད་ཀྱི་དད་ལྡན་པ། དམིགས་བསལ་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་མཁན་དང་རྒྱ་རིགས་དད་ལྡན་པ་བཅས་མི་གྲངས་བརྒྱ་གྲངས་ཁ་ཤས་འདུ་འཛོམས་གནང་ཡོད་པའི་སྐོར་དང་། ལྷག་དོན་རིན་པོ་ཆེའི་ཡང་སྲིད་སྐོར་གྱི་གནས་ཚུལ་གནས་སྐབས་གསལ་བཤད་གང་ཡང་མེད་པར་རྙིང་མའི་བསྟན་བདག་རྣམ་པས་རྗེས་སུ་རིམ་པས་ཐག་གཅོད་གནང་དགོས་པ་ཞིག་ཡིན་པའི་སྐོར་ངོ་སྤྲོད་གནང་ཡོད་པ་རེད།

གསར་འགོད་པ་ཉི་མ་གཡུ་སྒྲོན།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།