ལ་དྭགས་སུ་གནམ་གཤིས་ཕོར་པ་ཞེས་པའི་རྐང་སྤོལ་འགྲན་བསྡུར་གནང་བཞིན་འདུག

2023.09.01
ལ་དྭགས་སུ་གནམ་གཤིས་ཕོར་པ་ཞེས་པའི་རྐང་སྤོལ་འགྲན་བསྡུར་གནང་བཞིན་འདུག ལ་དྭགས་སུ་གནམ་གཤིས་ཕོར་པ་ཞེས་པའི་རྐང་སྤོལ་འགྲན་བསྡུར་གནང་བཞིན་པ། ༠༩།༠༡།༢༠༢༣
འཕྲིན་ལས་ཆོས་སྒྲོན། /RFA

ཕྱི་ཟླ་༩ཚེས་༡ཉིན་གོ་ལའི་གནམ་གཤིས་འགྱུར་ལྡོག་ཐད་གོ་རྟོགས་སྤེལ་ཆེད་ལ་དྭགས་ས་གནས་སུ་གནམ་གཤིས་ཕོར་པ་(Climate cup)་ཞེས་རྐང་རྩེད་སྤོ་ལོའི་རྩེད་འགྲན་འགོ་འཛུགས་གནང་ཡོད་པ་དང་། རྩེད་འགྲན་ཐོག་མ་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པ་དང་ལྡི་ལི་རྐང་སྤོལ་རུ་ཁག་གཉིས་བར་རྩེད་འགྲན་གྱིས་ལྡི་ལི་རྐང་སྤོལ་རུ་ཁག་ལ་སྤོ་ལོ་༢ཡི་རྒྱལ་ཁ་ཐོབ་སོང་།
དེང་སྐབས་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་རྐྱེན་གྱིས་དུས་ངེས་མེད་ལ་ཚ་དྲོད་འཕར་བ་དང་། ཡང་ན་གནམ་གཤིས་གྲང་ངར་ཆེན་པོ་ཡོད་པའི་དཀའ་ངལ་མང་པོ་འཕྲད་བཞིན་པ་རེད། ལྡི་ལི་རྐང་སྤོལ་ཚོགས་པའི་རུ་དཔོན་(Timothy)་ལགས་ཀྱིས། ད་བར་ཁོང་རྩེད་འགྲན་མང་པོའི་ནང་མཉམ་ཞུགས་བྱས་མྱོང་ཡོད་ན་ཡང་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་རྩེད་འགྲན་ནང་ཐེངས་དང་པོ་ཡིན་པས་འདི་གལ་ཆེན་པོར་མཐོང་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་འགན་འཛིན་རིན་ཆེན་དོན་གྲུབ་ལགས་ཀྱིས། ད་རེས་རྩེད་འགྲན་འདི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བ་ཡོད་དུས། བོད་ནང་ལ་ཡང་རྒྱ་ནག་གིས་ཁོར་ཡུག་ལ་གཏོར་སྐྱོན་འདྲ་མིན་བཏང་བའི་འོག་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་མང་པོ་འཕྲད་བཞིན་ཡོད་པ་དེར་མི་ཚང་མས་དོ་སྣང་ཡོང་བའི་རེ་བ་ཡོད་པ་གསུངས་བྱུང་།
ལ་དྭགས་ས་གནས་ཀྱི་བུ་མོའི་རྐང་རྩེད་སྤོ་ལོ་རྩེད་འགྲན་པ་འཇིགས་མེད་དཔལ་མོ་ལགས་ཀྱིས། ལ་དྭགས་ས་གནས་སུ་ཕྱི་ལོགས་ནས་རྩེད་འགྲན་པ་ཡོང་ནས་རྐང་རྩེད་སྤོ་ལོའི་རྩེད་འགྲན་ཚོགས་རྒྱུ་དེ་ཐེངས་དང་པོ་ཡིན་དུས། ཚོར་བ་དམིགས་བསལ་དང་དགའ་སྤོབས་བྱུང་བ་གསུངས་བྱུང་།
ད་རེས་ལ་དྭགས་སུ་གནམ་གཤིས་ཕོར་པའི་རྐང་རྩེད་སྤོ་ལོའི་རྩེད་འགྲན་ཉིན་དང་པོའི་རྩེད་འགྲན་པ་ཡག་ཤོས་ཀྱི་བྱ་དགའ་དེ་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་རྩེད་འགྲན་པ་ཚུལ་ཁྲིམས་ཟླ་བ་ལགས་སུ་ཐོབ་ཡོད་པ་རེད།
ལ་དྭགས་ས་གནས་སུ་གནམ་གཤིས་ཕོར་པའི་རྐང་རྩེད་སྤོ་ལོའི་རྩེད་འགྲན་དེ་ཉིད་ལ་དྭགས་དབུས་གཞུང་མངའ་སྡེའི་འཛིན་སྐྱོང་དང་། ལ་དྭགས་གླེ་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་གཉིས་ཀྱིས་གོ་སྒྲིག་དང་། ལ་དྭགས་རྐང་སྤོལ་རྩེད་རིགས་ཚོགས་པའི་འགན་འཁུར་འོག་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པ་དང་། ལྡི་ལི་རྐང་སྤོལ་ཚོགས་པ། ལ་དྭགས་ས་གནས་ཀྱི་རྐང་སྤོལ་རྩེད་འགྲན་རུ་ཁག་བཅས་བར་ཉིན་བདུན་རིང་རྩེད་འགྲན་གནང་རྒྱུ་ཡིན་འདུག
འཛམ་གླིང་གང་སར་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་འདྲ་མིན་འཕྲད་བཞིན་པ་དང་། བོད་མཐོ་སྒང་གི་འཁྱག་རོམ་ཞུ་ནས་རང་བྱུང་གི་གནོད་འཚེ་མང་པོ་ཡོང་བཞིན་པ་རེད།


གསར་འགོད་པ། འཕྲིན་ལས་ཆོས་སྒྲོན།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་མཆོག་གིས་དགེ་འདུན་པ་ ༦༠ ལྷག་ལ་དགེ་སློང་གི་སྡོམ་པ་འབོགས་འཇོག་མཛད་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ནས་༸གོང་ས་མཆོག་ལ་གཟིམ་ཆུང་བརྟན་བཞུགས་བསྟར་འབུལ་ཞུས་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎