རྒྱ་སྐད་རྒྱ་བསྐྱེད་ཀྱི་སྲིད་ཇུས་དེས་སྐད་ཡིག་གཞན་ལ་དཀའ་ངལ་དང་ཉེན་ཁ་བཟོ་སྲིད་པ།

2021.12.02
རྒྱ་སྐད་རྒྱ་བསྐྱེད་ཀྱི་སྲིད་ཇུས་དེས་སྐད་ཡིག་གཞན་ལ་དཀའ་ངལ་དང་ཉེན་ཁ་བཟོ་སྲིད་པ། དེ་སྔ་སྐད་ཡིག་རང་དབང་གི་ངོ་རྒོལ་ལས་འགུལ་ཞིག་གི་སྐབས།
File Photo

རྒྱ་ནག་གཞུང་གིས་རྒྱ་སྐད་རྒྱ་ཁྱབ་དུ་གཏོང་བཞིན་པའི་ལས་འགུལ་དེ་ནི་བོད་སྐད་སོགས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་མེད་པར་བཟོ་ཐབས་ཡིན་པ་གནད་དོན་དབྱེ་ཞིབ་པས་ངོས་འཛིན་བྱེད་ཀྱི་འདུག
རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་ཟེར་བས་ཉེ་ཆར་དུས་རབས་གསར་པའི་ནང་སྐད་ཡིག་ཡི་གེ་ཤུགས་གནོན་རྒྱ་ཁྱབ་དུ་གཏོང་དགོས་པའི་ལས་དོན་ཀྱི་བསམ་ཚུལ་ཞེས་པ་ཕྱི་བསྒྲགས་བྱས་པའི་ནང་། རྒྱལ་ཁབ་ཀྱི་སྤྱི་ཁྱབ་སྐད་ཡིག་གམ་རྒྱ་སྐད་ཡི་གེ་བརྟན་པོའི་ངང་རྒྱ་ཁྱབ་གཏོང་དགོས་པ་དང་། སྤྱི་ལོ་༢༠༢༥་ལོ་སླེབས་དུས་སྤྱི་ཁྱབ་སྐད་ཡིག་གམ་རྒྱ་སྐད་དེ་བཞིན་རྒྱལ་ཡོངས་ཀྱི་མི་འབོར་བརྒྱ་ཆ་༨༥་ཡིས་བེད་སྤྱོད་གཏོང་ཐུབ་པ་བྱེད་རྒྱུ་དང་། ༢༠༣༥་སླེབས་སྐབས་སྤྱི་ཁྱབ་སྐད་ཡིག་རྒྱ་སྐད་དེ་བཞིན་མི་རིགས་ས་ཁོངས་དང་། གྲོང་གསེབ་ས་ཁུལ་བཅས་ཀྱི་ནང་མངོན་གསལ་དུ་བེད་སྤྱོད་གཏོང་ཐུབ་པ་བྱ་དགོས་ཞེས་སྤེལ་ཡོད་པ་རེད། དེ་དང་ཆབས་ཅིག་རྒྱལ་ཡོངས་སུ་བསྒྲགས་པའི་ཡིག་ཆ་དེའི་ནང་དུ་ཡང་ཧོང་ཀོང་དང་། ཨོ་མིན་སོགས་སུ་སྤྱི་ཁྱབ་སྐད་ཡིག་རྒྱ་སྐད་དེ་བཞིན་བེད་སྤྱོད་བྱེད་རྒྱུར་ཤུགས་གནོན་རྒྱག་དགོས་ཞེས་འཁོད་ཡོད་པ་རེད། ཡིན་ན་ཡང་རྒྱ་ནག་གཞུང་གི་རྒྱ་སྐད་རྒྱ་ཁྱབ་དུ་གཏོང་བའི་སྲིད་ཇུས་དེས། བོད་དང་། སོག་པོ། ཡུ་གུར་བ་གཙོས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་བེད་སྤྱོད་ཐད་འགོག་རྐྱེན་ཆགས་ནས་སྐད་ཡིག་གནས་མིན་གྱི་ཉེན་ཁ་ཡོད་སྐོར་ཨེ་ཕེ་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག
དེའི་ཐད་བོད་རྒྱའི་ཉམས་ཞིབ་པ་སངས་རྒྱས་སྐྱབས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། རྒྱ་ནག་གཞུང་གི་རྒྱ་སྐད་རྒྱ་བསྐྱེད་ཀྱི་སྲིད་ཇུས་དེས་སྤྱི་ཚོགས་ནང་བོད་ཀྱི་སྐད་ཡིག་གི་ནུས་པ་མེད་པར་བཟོས་བ་དང་། བོད་སྐད་དང་བོད་ཡིག་གི་ཁོར་ཡུག་རྩ་གཏོར་དུ་གཏོང་རྒྱུ་ཡིན་པ་གསལ་བོ་རེད་ལ། གྲངས་ཉུང་མི་རིགས་གཞན་དང་དེའི་སྐད་ཡིག་ལ་ཡང་དཀའ་ངལ་དང་ཉེན་ཁ་གཅིག་མཚུགས་འཕྲད་ཀྱི་རེད། དེ་བས་རྒྱ་ནག་རང་གི་མཁས་པ་དང་ཞིབ་འཇུག་པ་མང་པོས་ཀྱང་སེམས་ཁྲལ་བྱེད་ཀྱི་འདུག་ཟེར།
བོད་ནང་དུ་ས་ཁུལ་ཁག་ཅིག་ནང་མི་རིགས་འདྲ་མཉམ་དང་། སྐད་ཡིག་རང་དབང་གི་འབོད་སྒྲའི་འོག་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་བའི་གནས་ཚུལ་ཡང་བྱུང་ཡོད་པ་དང་། ༢༠༡༠་ལོར་ཀོང་ཏུང་མི་མང་ཚོས་སྐད་ཡིག་གསོན་པོར་གནས་ཐབས་ཀྱི་ལས་འགུལ་ལ་རྒྱབ་སྐྱོར་གནང་བ་དང་། ༢༠༢༠་ལོར་ནང་སོག་ནང་རྒྱ་སྐད་ཀྱི་ལམ་ནས་སློབ་ཁྲིད་བྱེད་རྒྱུར་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་དེ་དག་ནི་རྒྱ་ནག་སྲིད་གཞུང་གིས་རྒྱ་སྐད་སྤྱི་ཁྱབ་དུ་གཏོང་ཐབས་ཀྱི་གནས་སྟངས་འོག་བྱུང་ཡོད་པ་རེད།
གནད་དོན་དབྱེ་ཞིབ་པ་ཚོས། གོང་ཞུས་རྒྱ་ནག་གཞུང་གི་སྲིད་བྱུས་དེ་ནི་རིག་གཞུང་གི་ཐོག་ནས་བཤད་ན་མི་རིགས་ཞིག་དམར་གསོད་གཏོང་ཐབས་བྱེད་བཞིན་པ་དང་གཅིག་མཚུངས་ཆགས་ཀྱི་ཡོད་པ་རེད་ཅེས་སྐྱོན་བརྗོད་བྱས་འདུག
ཉེ་ལམ་ནས་རྒྱ་ནག་གཞུང་གིས་རྒྱའི་སྐད་ཡིག་སློབ་ཁྲིད་ཀྱི་སྲིད་ཇུས་ལག་བསྟར་བྱས་པ་ནས་བཟུང་། ཨ་མདོ་མགོ་ལོག་ཕྱོགས་ཀྱི་སེང་འབྲུག་སྟག་རྩེ་སློབ་གྲྭ་གཙོས་པའི་བོད་ནང་གི་སྒེར་གཉེར་སློབ་གྲྭ་༦་དང་། བྲག་མགོ་དགེ་ལྡན་ནང་བསྟན་སློབ་གྲྭ་སོགས་སྒོ་རྒྱག་དགོས་བྱུང་ཡོད་པ་མ་ཟད། བོད་ནང་གུང་སེང་སྐབས་ཀྱི་སྐད་ཡིག་ཟུར་ཁྲིད་ཟབ་སྦྱོང་འཛིན་གྲྭ་སོགས་ལ་ཡང་དམ་དྲག་བྱས་ནས། སློབ་གྲྭའི་ནང་སློབ་ཕྲུག་ཚོར་རྒྱལ་ཞེན་རིང་ལུགས་ཀྱི་བསམ་བློའི་འདུ་ཤེས་སྤྲད་ནས། ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲང་དགོས་བའི་སློབ་གསོ་སྤྲོད་བཞིན་པ་རེད།

གསར་འགོད་པ། གུ་རུ་ཆོས་སྐྱིད། བོད་རྒྱལ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎