འགྲོ་བ་མི་ཚང་མར་བདེ་སྐྱིད་ལྡན་པའི་འཛམ་གླིང་ཞིག་བསྐྲུན་རྒྱུའི་འོས་འགན་ཡོད། ༧གོང་ས་མཆོག་གིས།

2021-05-03
Share
འགྲོ་བ་མི་ཚང་མར་བདེ་སྐྱིད་ལྡན་པའི་འཛམ་གླིང་ཞིག་བསྐྲུན་རྒྱུའི་འོས་འགན་ཡོད། ༧གོང་ས་མཆོག་གིས། ༧གོང་ས་མཆོག་དང་སེམས་ཚོར་གྱི་ནུས་པ་དང་ཤེས་པ། སེམས་ཁམས་ཚན་རིག་གི་བགྲོ་གླེང་གནང་མཁན་མཁས་དབང་རྣམ་པ།
སྒྲིག་བཟོ།/RFA

འགྲོ་བ་མི་ཚང་མར་བདེ་སྐྱིད་ལྡན་པའི་འཛམ་གླིང་ཞིག་བསྐྲུན་རྒྱུའི་ཐུན་མོང་གི་འོས་འགན་ཡོད་པ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སེམས་ཁམས་ཚན་རིག་གི་བགྲོ་གླེང་དབུ་འབྱེད་སྐབས་བཀའ་བསྩལ་ཡོད་པ་རེད།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་མི་རི་ཀར་རྟེན་གཞི་བྱས་པའི་སེམས་དང་སྲོག་ལྟེ་གནས་ཁང་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། སྤྱི་ཟླ་༥་པའི་ཚེས་༢་ཉིན་གོང་ཞུས་ལྟེ་གནས་ཁང་དེ་ཉིད་ཀྱིས་གོ་སྒྲིག་ཞུས་པའི་སེམས་ཚོར་གྱི་ནུས་པ་དང་ཤེས་པ། སེམས་ཁམས་ཚན་རིག་གི་བགྲོ་གླེང་དབུ་འབྱེད་སྐབས་༧གོང་ས་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་དྲ་ལམ་བརྒྱུད་བཀའ་སློབ་བསྩལ་བའི་ནང་། འགྲོ་བ་མི་ཐེར་འབུམ་བདུན་ཚང་མར་གཅིག་གྱུར་གྱི་ཐོག་ནས་བདེ་སྐྱིད་ལྡན་པའི་འཛམ་གླིང་ཞིག་བསྐྲུན་རྒྱུའི་ཐུན་མོང་གི་འོས་འགན་ཡོད་པ་དང་། བདེ་སྐྱིད་ཟེར་བ་དེ་སེམས་ཚོར་དང་འབྲེལ་བ་ཤུགས་ཆེ་ཡོད་ལ། ང་ཚོའི་སེམས་ཚོར་ལ་ཁོར་ཡུག་དང་ཕྱིའི་དངོས་པོ་སོགས་ཀྱིས་ཤུགས་རྐྱེན་སྤྲོད་མཁན་དུ་མ་ཞིག་ཡོད། འོན་ཀྱང་གཙོ་བོ་དེ་ང་ཚོའི་བསམ་བློའི་འཁྱེར་སོ་དང་འབྲེལ་བ་ཆགས་ཡོད། བསམ་བློའི་འཁྱེར་སོ་དེ་ཞི་བདེ་ངང་གནས་ཐུབ་པ་ཡིན་ན། ཉེ་འཁོར་དུ་སྐུ་ངལ་ག་རེ་འཕྲད་པ་ཡིན་ཡང་རང་ཉིད་ལ་སུན་སྣང་ཡོང་གི་མ་རེད། དེར་བརྟེན། རང་ཉིད་ཀྱི་བསམ་བློའི་འཁྱེར་སོ་དང་སེམས་ཁམས་དེ་ཧ་ཅང་གི་གལ་ཆེན་པོ་ཆགས་ཡོད། བཟང་ཕྱོགས་ཀྱི་རྣམ་པ་ཞིག་ཡོད་པ་ནི། ང་ཚོའི་སེམས་ཁམས་ལ་སྦྱོང་བརྡར་སྤྲད་དེ་ཉོན་མོངས་ཀྱི་བློ་དེ་དག་ཉུང་དུ་གཏོང་ཐུབ་པའི་ཁར། ཁེ་ཕན་ཆེ་བའི་སེམས་ཚོར་དེ་ཡང་མང་དུ་གཏོང་ཐུབ་པ་མ་ཟད། བཟང་ཕྱོགས་ཀྱི་སེམས་མྱོང་ལ་རྒྱབ་རྟེན་ཚད་མ་ཡོད། འོན་ཀྱང་། ཉོན་མོངས་ཀྱི་བློ་ལ་དེ་ལྟར་མེད་ཅེས་བཀའ་གནང་ཡོད་པ་རེད།
ཡང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མུ་མཐུད་དུ། ཚན་རིག་པ་འགའ་ཡིས། ང་ཚོ་ནི་སྤྱི་ཚོགས་ལ་བརྟེན་པའི་སེམས་ཅན་ཡིན་པ་འགྲེལ་བརྗོད་བྱེད་ཀྱི་ཡོད། སྤྱི་ཚོགས་ཀྱི་སེམས་ཅན་ཇི་འདྲ་ཞིག་ཡིན་རུང་རང་ཉིད་ཀྱི་འཚོ་གནས་དེ་སོ་སོའི་ཚོ་ཁག་ལ་བརྟེན་ཡོད། དེར་བརྟེན་ང་ཚོ་འགྲོ་བ་མི་ལྟ་བུ་མཚོན་ན། སྐྱེས་པ་ནས་བཟུང་རང་ཉིད་ཀྱི་འཚོ་གནས་དེ་ཨ་མའི་བྱམས་སྐྱོང་དང་། རང་ཉིད་ཀྱི་ཁྱིམ་ཚང་གི་ལྟ་སྐྱོང་སོགས་ལ་བརྟེན་ཡོད་པ་མ་ཟད། འབྱུང་འགྱུར་རང་ཉིད་ཀྱི་འཚོ་གནས་དེ་ཡང་སོ་སོའི་སྤྱི་ཚོགས་ལ་བརྟེན་ཡོད། དེ་ལྟར་བསམ་བློ་བཏང་བའི་སྒོ་ནས་ང་ཚོས་ངེས་པར་དུ་བྱམས་སྙིང་རྗེ་ཉམས་ལེན་གནང་དགོས། བྱམས་སྙིང་རྗེ་ཟེར་བ་དེ་ཆོས་ལུགས་གཅིག་པུ་མིན་པར་སྤྱི་ཚོགས་ཁྱོན་ཡོངས་དང་འབྲེལ་བ་ཆགས་ཡོད། དེར་བརྟེན། འགྲོ་བ་མི་ཚང་མར་གཅིག་འགྱུར་གྱི་ཐོག་ནས་བདེ་སྐྱིད་ལྡན་པའི་འཛམ་གླིང་ཞིག་བསྐྲུན་རྒྱུའི་ཐུན་མོང་གི་འོས་འགན་ཡོད་ཅེས་བཀའ་གནང་སོང་།

སྐབས་དེར་སེམས་དང་སྲོག་ལྟེ་གནས་ཁང་གིས་གཙོ་འཛིན་ལྕམ་(Susan Bauer-Wu)་ལགས་ཀྱིས། ཐེངས་འདིའི་བགྲོ་གླེང་འདིའི་ཐོག་འཛམ་གླིང་གི་ས་ཕྱོགས་གང་ས་ནས་མི་མང་དོན་གཉེར་བ་སྟོང་ཕྲག་༨༨་ལྷག་བྱུང་པ་དེ་ངོ་མཚོར་སྐྱེས་འོས་པ་ཞིག་ཡིན། འདས་པའི་ལོ་ངོ་བཅུ་ཕྲག་གཉིས་རིང་། འདིར་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་ལྷན་དུ་སེམས་དང་སྲོག་གི་ཐོག་བགྲོ་གླེང་ཐེངས་བརྒྱད་གནང་ཡོད་པ་དེའི་རྗེས་འབྲས་སུ། འཛམ་གླིང་གི་ཚན་རིག་པ་གྲགས་ཅན་མང་པོ་ཞིག་དང་ལྷན་དུ་འབྲེལ་བ་བྱུང་ཡོད་པར་བརྟེན། ད་རེས་བགྲོ་གླེང་འདིའི་ཐོག་ཚན་རིག་པ་དེ་དག་ཁྲོད་མང་པོ་ཞིག་མཉམ་ཞུགས་གནང་ཡོད། ཐེངས་འདིའི་བགྲོ་གླེང་གི་དམིགས་ཡུལ་གཙོ་བོ་ནི། ཚང་མ་མཉམ་རུབ་ཀྱི་ཐོག་ནས་སློབ་སྦྱོང་བྱས་ནས་ནང་སེམས་ཞི་བདེ་བསྐྲུན་ཐབས་དང་། ལྷག་པར་དུ་བྱམས་བརྩེ་ལྡན་པའི་འཛམ་གླིང་ཞིག་བསྐྲུན་ཐབས་བྱ་རྒྱུ་དེ་ཡིན་ཞེས་གསུངས་གནང་སོང་།
གོང་ཞུས་བགྲོ་གླེང་དེ་བཞིན་སྤྱི་ཟླ་༥་པའི་ཚེས་༢་ཉིན་ནས་ཚེས་༥་བར་ཉིན་གྲངས་བཞིའི་རིང་འཛམ་གླིང་ནང་གི་ཚན་རིག་པ་གྲགས་ཅན་དང་། སློབ་དཔོན་སོགས་མི་གྲངས་༣༠ གདན་ཞུས་ཀྱིས་ཚན་རིག་པ་དེ་དག་གིས་འདས་པའི་ལོ་ངོ་༢༠འི་རིང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དུ་བགྲོ་གླེང་དང་བཀའ་བསྡུར་ཞུས་པའི་ཉམས་ཞིབ་དང་གྲུབ་དོན་ཁག་གི་ཐོག་ལ་བགྲོ་གླེང་གནང་བཞིན་པ་དང་། དེ་ལ་ཀླད་ཁམས་དབང་རྩའི་ཚན་རིག་པ་གྲགས་ཅན་སྐུ་ཞབས་(Richard Davidson)ལགས་དང་། སྐུའི་གསུང་བསྒྱུར་བ་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས། སེམས་ཁམས་རིག་པ་བ་གྲགས་ཅན་སྐུ་ཞབས་(Paul Ekman)ལགས། དེ་བཞིན་ནང་པའི་སྒོམ་སྒྲུབ་ཐོག་ལ་མཁས་པ་མི་འགྱུར་རིན་པོ་ཆེ་སོགས་མཁས་དབང་དང་ཚན་རིག་པ་མང་པོ་ཞིག་མཉམ་ཞུགས་གནང་གི་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།