ལོ་ལྟར་ཕྱི་ཟླ་༤ཚེས་༡༥ཉིན་ནི་རྒྱ་ནག་གཞུང་གིས་རྒྱལ་ཁབ་བདེ་འཇགས་ཉིན་མོར་ཞེས། རྒྱ་ནག་རྒྱལ་ཡོངས་སུ་རྒྱལ་ཁབ་ཀྱི་བདེ་འཇགས་སློབ་གསོ་དྲིལ་བསྒྲགས་ལས་འགུལ་སྤེལ་བཞིན་ཡོད་པ་ལྟར། ཕྱི་ཚེས་༡༥ཉིན་བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་དུ་དགོན་པ་ཁག་དང་སློབ་གྲྭ་ཁག དེ་བཞིན་གྲོང་ཁྱེར་དང་གྲོང་གསེབ་ཡོངས་སུ་ཚོགས་འདུ་འདྲ་མིན་གྱི་ལམ་ནས་རྒྱལ་ཁབ་བདེ་འཇགས་སློབ་གསོ་ཞེས་པ་སྤེལ་བཞིན་ཡོད་པ་དང་། ལྷ་ས་ཁུལ་དུ་ཚོགས་འདུའི་ནང་དོན་གཙོ་བོ་ཁ་བྲལ་བར་འབྲེལ་བ་བྱས་མི་ཆོག་སྐོར་དང་། རྒྱལ་ཁབ་ནང་ཁུལ་གྱི་གནས་ཚུལ་ཕྱི་ལ་མཁོ་སྤྲོད་མི་ཆོག་པ་སོགས་བསྒྲགས་བཞིན་ཡོད་སྐོར། བོད་ནང་གི་འབྲེལ་ཡོད་བོད་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
དེའི་ཐད་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས། རྒྱ་ནག་གཞུང་གིས་ཁྲིམས་དེ་རིགས་བཟོ་སྐབས་ཁྲིམས་དང་མཐུན་པའི་ངོས་འཛིན་དང་གོ་དོན་དམིགས་བསལ་བ་གང་ཡང་མེད་པར། བོད་གཙོས་གྲངས་ཉུང་མི་རིགས་ཁག་ཏུ་མགོ་གནོན་ཐབས་ཁོ་ན་ཞིག་ཏུ་བེད་སྤྱོད་གཏོང་གི་ཡོད་པ་བརྗོད་བྱུང་ལ། རྒྱ་ནག་གཞུང་གིས་རྒྱལ་ཁབ་བདེ་འཇགས་སློབ་གསོ་ཞེས་པ་དེ་ཕྱི་ལོ་༢༠༡༥ལོར་རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིན་གྱིས་ལག་བསྟར་བྱས་ཡོད་པ་དང། རྒྱ་ནག་གཞུང་འབྲེལ་གྱི་འགྲེལ་བཤད་ཁག་ཏུ་རྒྱལ་ཁབ་བདེ་འཇགས་སློབ་གསོ་ཞེས་པ་ནི་རྒྱལ་ཁབ་ཀྱི་སྲིད་དབང་དང་། བདག་དབང་གཅིག་གྱུར། མངའ་ཁོངས་ཆ་ཚང་། གསང་བ་སྲུང་དགོས་པ་སོགས་བཤད་ཡོད་ཀྱང་། བོད་ནང་དུ་ལག་བསྟར་བྱེད་སྐབས་གཙོ་བོ་༧གོང་ས་མཆོག་དང་ཁ་བྲལ་བར་འབྲེལ་བ་བྱེད་མི་ཆོག་པ་ཤུགས་ཆེར་གླེང་བཞིན་ཡོད་པ་རེད།

གསར་འགོད་པ། དཔལ་འབར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།