རྒྱ་ནག་གི་ཕྱི་སྲིད་བློན་ཆེན་བལ་ཡུལ་དུ་བསྐྱོད་འཆར་ནི་ཨ་རིའི་ཤུགས་རྐྱེན་འགོག་ཐབས་སུ་ཡིན་པ་གནད་དོན་དབྱེ་ཞིབ་པས་ངོས་འཛིན་བྱེད་ཀྱི་འདུག

2022.03.24
Share on WhatsApp
Share on WhatsApp
རྒྱ་ནག་གི་ཕྱི་སྲིད་བློན་ཆེན་བལ་ཡུལ་དུ་བསྐྱོད་འཆར་ནི་ཨ་རིའི་ཤུགས་རྐྱེན་འགོག་ཐབས་སུ་ཡིན་པ་གནད་དོན་དབྱེ་ཞིབ་པས་ངོས་འཛིན་བྱེད་ཀྱི་འདུག ༢༠༡༩་ལོར་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་(Pradeep Gyawali)་དང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་(Wang Yi)་གཉིས་པེ་ཅིང་དུ་མཇལ་འཕྲད་སྐབས།
AP

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡེས་(Wang Yi)་འདི་ཚེས་༢༤་ཉིན་རྒྱ་གར་དུ་གཟིགས་སྐོར་ཆེད་འབྱོར་ཡོད་པ་དང་། དེའི་རྗེས་བོད་དང་ས་འབྲེལ་ཆགས་པའི་བལ་ཡུལ་ནང་འཚམས་གཟིགས་སུ་བསྐྱོད་འཆར་ཡོད་པ་རེད། དེ་ནི་༢༠༡༩ལོར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་བལ་ཡུལ་དུ་སྐོར་སྐྱོད་བྱས་རྗེས། རྒྱ་ནག་དམར་ཤོག་གི་ཆེས་མཐོའི་དཔོན་རིགས་ཤིག་རྒྱལ་ཁབ་དེར་ལྟ་སྐོར་ཡོང་བ་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད། རྒྱ་ནག་ཐོག་གནད་དོན་དབྱེ་ཞིབ་པ་དང་གསར་འགོད་པ་སྐུ་ཞབས་(Aadil Brar)་ལགས་ཀྱིས། བལ་ཡུལ་ལ་རོགས་སྐྱོར་བྱེད་ཕྱོགས་ཀྱི་གནད་དོན་ཐད་རྒྱ་ནག་དང་ཨ་རི་གཉིས་བར་ཧ་ཅང་གི་ཧེ་བག་ཆེན་པོ་ཡོད། ལོ་རྒྱུས་ཀྱི་ནང་བལ་ཡུལ་ནི་ཡུན་རིང་ཨ་མི་རི་ཀའི་རོགས་སྐྱོར་ཞུ་མཁན་གྱི་རྒྱལ་ཁབ་དེ་ཡིན་པ་མ་ཟད། ཨ་རི་ནི་བལ་ཡུལ་གྱིས་བློ་གཏད་ཆོག་པའི་རྒྱལ་ཁབ་ཤིག་ཀྱང་ཡིན། འོན་ཀྱང་ད་རེས་ཝང་ཡེས་བལ་ཡུལ་དུ་བསྐྱོད་རྒྱུའི་དམིགས་ཡུལ་གཙོ་བོ་ཞིག་ནི་རྒྱལ་ཁབ་དེའི་ནང་ཨ་རིའི་ཤུགས་རྐྱེན་འགོག་ཐབས་ཆེད་དུ་ཡིན་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ཡང་བལ་ཡུལ་ནང་གི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ཚོགས་གཞོན་བཟང་པོ་ལགས་ཀྱིས། ད་རེས་ཝང་ཡེས་(Wang Yi)་བལ་ཡུལ་དུ་སྐོར་བསྐྱོད་དེའི་རྒྱབ་ལྗོངས་ཀྱི་དམིགས་ཡུལ་གཞན་ཞིག་ནི། རྒྱ་ནག་གཞུང་གིས་ཨ་སྒོར་ཐེར་འབུམ་མང་པོ་བཏང་བའི་རྒྱུད་གཅིག་ལམ་གཅིག་(Belt and Road Initiative)་གི་ལས་གཞིའི་ཆེད་དུ་ཡིན་པ་གསུངས་པ་དང་། འདི་ལྟ་བུའི་ལས་གཞི་བལ་ཡུལ་ནང་དངོས་སུ་སྤེལ་བ་ཡིན་ཚེ། བལ་ཡུལ་དེ་བཞིན་སི་རི་ལངྐ་ལྟ་བུར་འགྱུར་སྲིད་པས། ད་ལྟའི་ཆར་བལ་ཡུལ་གྱི་ཆབ་སྲིད་པ་དང་གནད་ཡོད་མི་སྣ་མང་པོ་ཞིག་གིས་ལས་གཞི་དེ་ནི་བལ་ཡུལ་ལ་ཉེན་ཁའི་གནད་དོན་ཞིག་ཏུ་ངོས་འཛིན་བྱས་ནས། རྒྱ་ནག་གི་ལས་འཆར་དེར་ངོས་ལེན་གནང་གི་མེད་པ་རེད་ཅེས་དང་། གལ་ཏེ། བལ་ཡུལ་གཞུང་གིས་ཨ་རི་དང་མཉམ་དུ་འབྲེལ་བ་ཟབ་ཏུ་བཏང་བ་ཡིན་ཚེ། བལ་ཡུལ་ནང་གི་བོད་མི་ཙམ་མ་ཟད། སྤྱི་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་འགྲོ་རྒྱུ་ཡིན་པ་འགྲེལ་བརྗོད་གནང་བྱུང་།
དེ་སྔོན་༢༠༡༧ལོར་སི་རི་ལངྐས་རྒྱ་ནག་ལ་བུན་ལོན་སྤྲོད་མ་ཐུབ་པའི་རྐྱེན་གྱིས་ཨ་སྒོར་ཐེར་འབུམ་༡ལྷག་གི་རིན་གོང་ལྡན་པའི་སི་རི་ལངྐའི་གྲུ་གཟིངས་འབབ་ཚུགས་(Hambantota Port)དེ་བཞིན་རྒྱ་ནག་ལ་སྤྲད་དགོས་ཆགས་ཡོད་པ་རེད། ༢༠༢༠བར་རྒྱ་ནག་གཞུང་གིས་སི་རི་ལངྐར་ཨ་སྒོར་ཐེར་འབུམ་༣་༥བུན་གཡར་བྱས་འདུག
བལ་ཡུལ་ནི་བོད་མི་བཙན་བྱོལ་བ་མང་པོ་ཞིག་བོད་ནས་བྲོས་བྱོལ་དུ་ཡོང་སྐབས། ཐོག་མར་སྣེ་ལེན་ཞུ་ཡུལ་གྱི་ཡུལ་གྲུ་གལ་ཆེ་ཞིག་ཆགས་ཡོད་ཀྱང་། རྒྱ་ནག་གཞུང་གི་གནོན་ཤུགས་འོག་བལ་ཡུལ་གཞུང་གིས་བོད་མི་མང་པོ་ཞིག་ཕྱིར་རྒྱ་ནག་ལ་རྩིས་སྤྲོད་བྱས་བའི་གནས་ཚུལ་བྱུང་ཡོད་ལ། ༢༠༠༨་ལོའི་ས་བྱི་ཞི་རྒོལ་ཆེན་མོའི་རྗེས་བལ་ཡུལ་ནང་གནས་སྡོད་བྱེད་མཁན་བོད་མི་ཚོར་བལ་ཡུལ་གཞུང་གིས་དམ་དྲག་ཇེ་ཆེར་བཏང་ཡོད་པ་རེད།

nepal.JPG
རྒྱ་ནག་དང་བལ་ཡུལ་བར་རྒྱུད་གཅིག་ལམ་གཅིག་གི་ལས་གཞི་ཐོག་གན་རྒྱ་བཞག་སྟེ་ད་བར་ལོ་ལྔ་འཁོར་གྱི་ཡོད་ཀྱང་། བལ་ཡུལ་ནང་དེ་འབྲེལ་ལས་གཞི་དངོས་སུ་ད་བར་འགོ་འཛུགས་ཐུབ་མེད་པ་མ་ཟད། དེ་ལས་ལྡོག་སྟེ་ཨ་མི་རི་ཀས་ཉེ་ལམ་སྤྱི་ཟླ་༢པའི་ཟླ་མཇུག་ཏུ་བལ་ཡུལ་ལ་ཨ་སྒོར་ས་ཡ་༥༠༠རོགས་སྐྱོར་གནང་བ་དེ། བལ་ཡུལ་གྲོས་ཚོགས་ནས་ངོས་ལེན་གནང་ཡོད་པ་རེད། རོགས་སྐྱོར་དེ་ཨ་མི་རི་ཀས་༢༠༠༤ལོར་བལ་ཡུལ་གཞུང་དང་ཟུང་འབྲེལ་གྱིས་འབྱུང་འགྱུར་དཀའ་ངལ་ཁག་ལ་གདོང་ལེན་བྱེད་ཆེད་བཙུགས་པའི་ཚོགས་པ་(MCC)་བརྒྱུད་གནང་པ་ཞིག་ཡིན་པ་དང་། དེའི་དམིགས་ཡུལ་གཙོ་བོ་ཞིག་ནི། ཨ་མི་རི་ཀའི་ངོས་ནས་བལ་ཡུལ་གཞུང་དང་འབྲེལ་ལམ་བཟང་དུ་གཏོང་ཐབས་ཆེད་དམིགས་པ་ཞིག་ཡིན་པར་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་བྱེད་བཞིན་ཡོད་པ་རེད།
ཡང་དབྱིན་ཡུལ་དུ་གནས་ཞུགས་རྒྱ་ནག་ཐོག་གནད་དོན་དབྱེ་ཞིབ་པ་རྒྱ་གར་བ་སྐུ་ཞབས་(Aadil Brar)་ལགས་ཀྱིས། བལ་ཡུལ་ནི་རྒྱ་ནག་ལ་ས་ཁམས་ཆབ་སྲིད་ཀྱི་ཐོག་ནས་ཧ་ཅང་གི་གལ་འགངས་ཆེན་པོ་ཆགས་ཀྱི་ཡོད་པ་མ་ཟད། ལྷོ་ཨེ་ཤེ་ཡའི་ས་ཁུལ་དུ་བལ་ཡུལ་དེ་གལ་ཆེན་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་པས། ད་རེས་ཝང་ཡེས་ཀྱི་སྐོར་བསྐྱོད་དེ་བརྒྱུད་ནས་བལ་ཡུལ་ནི་རྟག་ཏུ་རྒྱ་ནག་ལ་ཕྱོགས་མཁན་ཞིག་ཡིན་པ་སྟོན་ཐབས་ཀྱི་དམིགས་ཡུལ་ཡོད་པ་འགྲེལ་བརྗོད་གནང་བྱུང་།
ཡང་དེ་སྔོན་༢༠༡༤ལོར་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་(Wang Yi)་བལ་ཡུལ་དུ་སྐོར་བསྐྱོད་བྱས་སྐབས། བོད་དང་བལ་ཡུལ་བར་གྱི་ཚོང་འབྲེལ་དང་ཡུལ་སྐོར་སྤྲོ་འཆམ། དེ་བཞིན་ལམ་ཆེན་གསར་རྒྱག་སོགས་ཀྱི་ཐོག་གྲོས་བསྡུར་བྱས་ཡོད་ཀྱང་། རྗེས་སུ་འཆར་གཞི་མང་དག་ཞིག་ལག་བསྟར་ཐུབ་མེད་པ་རེད། གཞན་ཡང་རྒྱ་ནག་གཞུང་གིས་རྒྱུད་གཅིག་ལམ་གཅིག་གི་ལས་གཞིའི་འོག་ལྷ་ས་ནས་བལ་ཡུལ་བར་རི་ལི་མེ་འཁོར་ལྕགས་ལམ་བཟོ་བསྐྲུན་བྱེད་མུས་ཡིན་འདུག་པ་དེ་༢༠༢༤ལོར་ཤར་གཏོང་བྱེད་རྒྱུ་ཡིན་པ་རྒྱ་ནག་གཞུང་གིས་བརྗོད་བཞིན་པ་རེད། ད་དུང་ལས་གཞི་དེའི་འོག་བོད་དང་བལ་ཡུལ་བར་རླངས་འཁོར་གཞུང་ལམ་དང་། གནམ་ཐང་། ཆུ་མཛོད་སོགས་གསར་རྒྱག་བྱེད་མུས་ཡིན་འདུག

གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་སྤོལ་འགྲན་བསྡུར་ཐེངས་༢༧ པ་མཇུག་བསྒྲིལ་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།