རྒྱ་ནག་གཞུང་གིས་བོད་ནང་གི་བླ་བྲང་བསང་ཆུ་རྫོང་གི་མངའ་ཁུལ་འབྲོག་སྡེ་མང་པོར་རྩྭ་ཐང་དུ་སེམས་ཅན་འཚོ་སྐྱོང་མི་ཆོག་པའི་བརྡ་ཁྱབ་བཏང་ཡོད་འདུག

2022.11.21
Share on WhatsApp
Share on WhatsApp
རྒྱ་ནག་གཞུང་གིས་བོད་ནང་གི་བླ་བྲང་བསང་ཆུ་རྫོང་གི་མངའ་ཁུལ་འབྲོག་སྡེ་མང་པོར་རྩྭ་ཐང་དུ་སེམས་ཅན་འཚོ་སྐྱོང་མི་ཆོག་པའི་བརྡ་ཁྱབ་བཏང་ཡོད་འདུག བསང་ཆུ་རྫོང་རྒན་གྱ་རྩྭ་ཐང་། ༢༠༠༦
Palden Gyal/RFA

ཉེ་བའི་ལོ་ཤས་ནས་བཟུང་རྒྱ་ནག་གཞུང་གིས་རྩྭ་ཐང་སྲུང་སྐྱོབས་ཟེར་བའི་འོག། བོད་ནང་གི་འབྲོག་པ་གནས་སྤོ་དང་རྩྭ་ཐང་དུ་སེམས་ཅན་འཚོ་སྐྱོང་མི་ཆོག་པའི་སྲིད་བྱུས་ཤིག་ལག་བསྟར་བྱེད་བཞིན་ལྟར། ཕྱི་ཟླ་༡༡པའི་ཚེས་༡ནས་བོད་ནང་གི་བླ་བྲང་བསང་ཆུ་རྫོང་སྲིད་གཞུང་གིས་ཡུལ་དེའི་རྩྭ་ཐང་རྒྱ་ཁྱོན་རྨིད་ཁྲིད་༡༥༥སྟེང་འབྲོག་པ་ཚོས་སེམས་ཅན་འཚོ་སྐྱོང་མི་ཆོག་པ་དང་། སེམས་ཅན་འཚོ་སྐྱོང་མི་ཆོག་པའི་རྩྭ་ཐང་དུ་འཚོ་སྐྱོང་བྱེད་མཁན་བྱུང་ཚེ་ཁྲིམས་ལྟར་སྐྱིན་ཚབ་སྤྲོད་དགོས་པ་དང་། ཁྲིམས་འགལ་ཚབས་ཆེན་བྱས་ཚེ་ཁྲིམས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་རྒྱུ་དང་དུས་མཚུངས་ཁ་གསབ་བྱ་དགའི་མ་དངུལ་མེད་པར་བཟོ་དགོས་སྐོར་བརྗོད་ཡོད་པ་དང་། བླ་བྲང་བསང་ཆུ་ཁུལ་དུ་ལོ་ཤས་ནས་བཟུང་སེམས་ཅན་འཚོ་སྐྱོང་ཇེ་ཉུང་དུ་གཏོང་དགོས་པའི་སྲིད་བྱུས་བཟོས་ཡོད་པ་དང་། གནད་དོན་གཙོ་བོ་འབྲོག་པ་ཚོས་ལག་ནས་རྩྭ་ཐང་ཡག་པོ་ཁག་བླངས་ཏེ་གཞུང་གི་བདག་བཟུང་ཆེད་ཡིན་པ། བཙན་བྱོལ་ནང་གི་འབྲེལ་ཡོད་བོད་མི་ཁག་ཅིག་གི་འགྲེལ་བརྗོད་གནང་བྱུང་།

རྒྱ་ནག་གཞུང་འབྲེལ་གྱི་གནས་ཚུལ་ནང་སེམས་ཅན་འཚོ་སྐྱོང་མི་ཆོག་པའི་དུས་ཡུན་དེ་ཕྱི་ལོ་༢༠༢༢ལོའི་ཕྱི་ཟླ་༡༡ཚེས་༡་ནས། ཕྱི་ལོ་༢༠༢༥ལོའི་ཕྱི་ཟླ་༡༢ཚེས་༣༡་བར་ཡིན་པ་དང་། རྗེས་སུ་ཞིང་ཆེན་དང་རྫོང་རིམ་པའི་ཆོག་མཆན་ཐོབ་པ་བརྒྱུད་སེམས་ཅན་འཚོ་སྐྱོང་མི་ཆོག་པའི་རྩྭ་ཐང་དེ་དག་རྩྭ་ཕྱུགས་དོ་སྙོམས་ཀྱི་དོ་དམ་ལ་གནས་སུ་བསྒྱུར་དགོས་པ་བཀོད་ཡོད་པ་དང་། གོང་ཞུས་བཙན་བྱོལ་ནང་ཡོད་པའི་འབྲེལ་ཡོད་བོད་མི་གཅིག་ནས་ཕ་ཡུལ་སུ་འབྲེལ་བ་བྱས་ཏེ་གནས་ཚུལ་རྒྱུས་ལོན་བྱུང་བ་ལྟར། ས་གནས་དེ་ཁུལ་དུ་འབྲོག་ཕྱོགས་དང་རྩྭ་ཐང་ཆེན་པོ་ཡོད་སྟབས་ལོ་ཤས་སྔོན་རྒྱ་ནག་གཞུང་གིས་ཡུལ་སྐོར་བར་དམིགས་ནས་གནམ་གྲུ་འབབ་ཐང་དང་། ཞིང་ཆེན་རིམས་པའི་སྤྱི་གླིང་རྒྱག་འཆར་ཆེད། རྩྭ་ཐང་སྲུང་སྐྱོབས་ལ་ཁ་གཡར་ནས་རྩྭ་ས་ཡག་ཁུལ་ཚང་མ་གཞུང་གི་བདག་བཟུང་འོག་བཅུག་བཞིན་ཡོད་པ་དང་། དེ་མིན་རྩྭ་ཐང་སྟེང་སེམས་ཅན་འཚོ་སྐྱོང་གིས་གནོད་མི་སྐྱེལ་བ་མི་རབས་ནས་མི་རབས་བར་བོད་མི་ཚོར་ཉམས་མྱོང་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་། རྒྱ་ནག་གཞུང་གིས་བསང་ཆུ་རྫོང་གནམ་ཐང་བཙང་ཆུ་རྫོང་ནས་སྤྱི་ལེ་༧༠་རྩྭ་ཐང་དུ་ཕྱི་ལོ་༢༠༡༠ལོར་འཛུགས་སྐྲུན་མགོ་འཛུགས་ཀྱིས། ཕྱི་ལོ་༢༠༢༠ལོ་གཅིག་པུར་ཡུལ་སྐོར་བ་ཁྲི་༡༤བོད་ནང་གནམ་ཐང་དེ་རྒྱུད་ཡོང་ཡོད་པ་རེད་འདུག  

བསང་ཆུ་རྫོང་གི་རྫོང་དཔོན་དབྱང་ཧའེ་ཆང་ཟེར་བའི་མིང་ཐོག་ནས་རྩྭ་ཐང་དུ་སེམས་ཅན་འཚོ་སྐྱོང་མི་ཆོག་པའི་དེ་འབྲེལ་བརྡ་ཁྱབ་ཅིག་བཏང་ཡོད་པའི་ནང་། སེམས་ཅན་འཚོ་སྐྱོང་མི་ཆོག་པའི་ས་ཁུལ་ཁག་ནི་བླ་བྲང་གྲོང་ཚོ་ནས་རྩྭ་ཐང་གི་རྒྱ་ཁྱོན་རྨིད་ཁྲི་༣དང་། མདའ་མེད་ཡུལ་ཚོའི་རྩྭ་ཐང་རྨིད་ཁྲི་༢.༨། བང་གུར་ཐང་གྲོང་ཚོའི་རྩྭ་ཐང་རྨིད་ཁྲི་༤.༤དང་། མར་ཐང་གྲོང་ཚོའི་རྩྭ་ཐང་རྨིད་ཁྲི་༥།ཆུ་སྔོན་ཡུལ་ཚོའི་རྩྭ་ཐང་རྒྱ་ཁྱོན་རྨིད་ཁྲི་༤.༦། ཐང་དཀར་ནང་ཡུལ་ཚོའི་སེམས་ཅན་འཚོ་མི་ཆོག་པའི་རྩྭ་ཐང་རྒྱ་ཁྲིན་རྨིད་ཁྲི་༤.༢། གཞན་ཡང་ཙ་ཡུས་ཡུལ་ཚོའི་རྩྭ་ཐང་རྒྱ་ཁྱོན་རྨིད་ཁྲི་༧.༥དང་། འབོ་ར་གྲོང་ཚོའི་རྩྭ་ཐང་རྨིད་ཁྲི་༧.༥། སྒྱིས་ཚང་ཡུལ་ཚོའི་རྨིད་ཁྲི་༧.༥། ཨ་མཆོག་གྲོང་ཚོའི་རྨིད་ཁྲི་༨.༥། ཡར་རི་རྒྱུད་དོན་གཅོད་ཁང་གི་རྩྭ་ཐང་རྒྱ་ཁྱོན་རྨིད་ཁྲི་༡༠དང་། ཁོ་ཚེ་གྲོངཚོའི་རྨིད་ཁྲི་༣༧.༣། བསང་ཁོག་གྲོང་ཚོའི་རྨིད་ཁྲི་༡༤༡༨། རྒན་གྱ་གྲོང་ཚོའི་རྨིད་ཁྲི་༣༥དང་།བསང་ཁོག་ལུག་གསོ་ཚད་ཡོད་ཚོང་ལས་ཁང་གིས་རྨིད་ཁྲི་༣.༣༢བཅས་ཡིན་པ་བཀོད་འདུག་ལ། རྩྭ་ཐང་དུ་སེམས་ཅན་འཚོ་སྐྱོང་མི་ཆོག་པའི་ལས་དོན་དེ་ཡུལ་ཚོ་རིམ་པ་ནས་འགན་འཁུར་གྱིས་འབྲེལ་ཡོད་སྡེ་ཁག་གིས་ཉིན་རེའི་གྲོས་རིམ་གལ་ཆེན་ནང་བཅུག་སྟེ། ཚད་མཐོའི་མཐོང་ཆེན་དང་། བཀོད་སྒྲིག་ཞིབ་ཚགས། སྒྲིག་འཛུགས་ཞིབ་ཚགས་བཅས་བྱ་དགོས། དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་མང་ཚོགས་ལ་རང་རྟོགས་ངང་ཕྱུགས་འཚོ་མི་ཆོག་པའི་ལམ་ལུགས་དོན་འཁྱོལ་བྱ་རྒྱུའི་ཁྲིད་སྟོན་དང་སློབ་གསོ་རྒྱག་དགོས་པ་སོགས་བརྗོད་འདུག

ཐེངས་འདིར་རྒྱ་ནག་གཞུང་གིས་རྩྭ་ཐང་དུ་སེམས་ཅན་འཚོ་སྐྱོང་མི་ཆོག་པ་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་བསམ་བློ་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ཆེད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་ཐང་བཅའ་ཁྲིམས་དང་། ཀན་སུའུ་ཞིང་ཆེན་རྩྭ་ཐང་སྲོལ་ཡིག། ཀན་སུའུ་ཞིང་ཆེན་རྩྭ་ཐང་སྟེང་ཕྱུགས་འཚོ་མི་ཆོག་པའི་བྱ་ཐབས། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩྭ་ཐང་དོ་དམ་བྱ་ཐབསབསང་ཆུ་རྫོང་གིས་རེས་སྐོར་གསུམ་པའི་རྩྭ་ཐང་སྣོད་བཅུད་སྲུང་སྐྱོང་ཁ་གསབ་བྱ་དགའི་སྲིད་ཇུས་དོན་འཁྱོལ་བྱས་པའི་ལག་བསྟར་ཇུས་གཞི་སོགས་ཡིག་ཆ་སོགས་གཞིར་བཟུང་ཐག་གཅོད་བྱས་སྐོར་བཀོད་ཡོད་ཀྱང་། བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ནས་རྩྭ་ཐང་གཞུང་གི་བདག་དབང་འོག་བཅུག་བཞིན་པ་དེ། བོད་མིའི་ཚོའི་རང་སྐྱོང་གི་འཚོ་བ་རྩ་མེད་བཟོ་ཐབས་དང་། རྩྭ་ཐང་གི་བདག་དབང་དེ་མི་རབས་ནས་མི་རབས་བར་བོད་མི་ཚོར་ཡོད་པའི་དབང་ཆ་འཕྲོག་ནས་གཞུང་འབྲེལ་ངོས་ནས་ས་ཆའི་བདག་བཟུང་བྱེད་ཐབས་ཤིག་ཆགས་ཀྱི་ཡོད་པ་འགྲེལ་བརྗོད་གནང་བྱུང་།

རྒྱ་ནག་གཞུང་གིས་བླ་བྲང་ཕྱོགས་སུ་རྩྭ་ཐང་དང་འབྲེལ་བའི་སྲིད་བྱུས་ཁག་ཅིག་ཕྱི་ལོ་༢༠༡༦ལོ་ནས་མགོ་ཚུགས་ཡོད་པ་དང་། ཕྱི་ལོ་༢༠༢༡ལོའི་ཕྱི་ཟླ་༡༠་བའི་ནང་རྒྱ་ནག་གཞུང་གིས་བསང་ཆུ་རྫོང་རྒན་གྱའི་རྩེ་དབུས་གྲོང་ཚོའི་ནང་། རྩྭ་ས་སྲུང་སྐྱོབ་ཀྱི་ལས་གཞིའི་འོག་འབྲོག་པ་ཚོར་ཕྱུགས་ཟོག་ལ་ཚོད་འཛིན་དགོས་པའི་བཀོད་ཁྱབ་དང་། རྩེ་དབུས་ཕྱོགས་ནས་ཕྱུགས་ཟོག་ཚོད་འཛིན་དེར་མི་རེར་སྒོ་ཕྱུག་སེམས་ཅན་༨་ནས་༡༠་རེའི་ཐོབ་སྐལ་ལས་མེད་པ་བཟོ་དགོས་སྐོར་བརྗོད་ཡོད་སྟབས། འབྲོག་པ་ཚོས་དེར་འདོད་མོས་མེད་པའི་སྐད་ཆ་བཤད་རྐྱེན། ས་གནས་ཡུལ་མི་༥་ཙམ་འཛིན་བཟུང་བཀག་ཉར་བྱས་ཡོད་པའི་གནས་ཚུལ་འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ནས་སྤེལ་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། 
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན། 

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
པེ་ཅིན་སོགས་རྒྱ་ནག་གི་གྲོང་ཁྱེར་ཁག་ཅིག་ནང་གཞུང་གི་བཀག་སྡོམ་སྲིད་ཇུས་དང་ཞི་ཅིན་ཕིན་ལ་ངོ་རྒོལ་བྱེད་བཞིན་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ཀྱི་གསོ་བ་རིག་པ་དམིགས་བསལ་བ་ཞིག་ཆགས་ཀྱི་ཡོད་སྟབས་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གཏོང་རྒྱུ་གལ་ཆེན་པོ་ཆགས་ཡོད་པ། ༧གོང་ས་མཆོག་གིས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎