༧གོང་ས་མཆོག་གི་ཆིབས་བསྒྱུར་ཐག་གཅོད་བྱེད་མཁན་རྒྱ་ནག་མ་རེད།


2016-10-29
Share
༧གོང་ས་མཆོག་གི་ཆིབས་བསྒྱུར་ཐད་ཐག་གཅོད་བྱེད་མཁན་རྒྱ་ནག་མ་རེད། རྒྱ་གར་ཀོང་རེསི་སྲིད་དོན་ཚོགས་པའི་དབུ་ཁྲིད་ Anand Sharma མཆོག
ཨེ་ཨེཕ་པི།

༄༅། །༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་འཆར་ལོའི་ཕྱི་ཟླ་གསུམ་པའི་ནང་རྒྱ་གར་དང་རྒྱ་ནག་དབར་ས་མཚམས་ཀྱི་རྩོད་རྙོག་ཡོད་པའི་ས་ཁུལ་ཨ་རུ་ན་ཅཱལ་མངའ་སྡེའི་ནང་ཆིབས་བསྒྱུར་ཞབས་སོར་འགོད་རྒྱུར་གཟའ་པ་སངས་ཉིན་རྒྱ་ནག་གཞུང་གིས་འགག་བྱའི་གཏམ་བཤད་བྱས་རྗེས། དེ་རིང་གཟའ་སྤེན་པའི་ཉིན་རྒྱ་གར་ཀོང་རེསི་སྲིད་དོན་ཚོགས་པས་༧གོང་ས་ཏཱ་ལའི་བླ་མ་མཆོག་རྒྱ་གར་གྱི་ས་གནས་གང་དང་གང་དུ་ཆིབས་བསྒྱུར་གནང་ཆོག་མིན་ཐག་གཅོད་བྱེད་མཁན་རྒྱ་ནག་མ་རེད་ཅེས་ལན་འདེབས་བྱས་འདུག།
དེ་ཡང་རྒྱ་གར་ཀོང་རེསི་སྲིད་དོན་ཚོགས་པའི་དབུ་ཁྲིད་ Anand Sharma མཆོག་གིས་རྒྱ་གར་གྱི་ ANI གསར་ལས་ཁང་ལ། ཨ་རུ་ན་ཅཱལ་མངའ་སྡེ་ནི་རྒྱ་གར་གྱི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་ལ། ཏཱ་ལའི་བླ་མ་མཆོག་ནི་རྒྱ་གར་གཞུང་གི་ཆེད་དུ་བཀུར་བའི་སྐུ་མགྲོན་ཞིག་ཡིན་པ་རེད།  རྒྱ་གར་ནང་གི་ས་ཕྱོགས་གང་དུ་ཡང་ཆིབས་བསྒྱུར་སྐྱོང་བའི་ཐོབ་ཐང་ཡོངས་རྫོགས་ཁོང་ལ་ཡོད་པ་ལས། ཐག་གཅོད་དེ་བྱ་མཁན་རྒྱ་ནག་མ་རེད་ཅེས་བརྗོད་འདུག།  དེ་བཞིན་རྒྱ་གར་དབུས་གཞུང་གིས་ཀྱང་དེ་མཚུངས་རྒྱ་ནག་ལ་ལན་འདེབས་བྱས་ཡོད་པ་རེད།
གཟའ་པ་སངས་ཉིན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་འཆར་ཅན་གྱི་གསར་འགོད་ལྷན་ཚོགས་ཤིག་གི་ཐོག། རྒྱ་གར་གཞུང་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་དང་རྒྱ་ནག་དབར་རྩོད་གཞི་ཡོད་པའི་ས་ཁུལ་དེར་ཆིབས་བསྒྱུར་གདན་ཞུ་ཕུལ་བ་དེས་རྒྱ་གར་དང་རྒྱ་ནག་གཉིས་ཀྱི་ས་མཚམས་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་ལ་གནོད་སྐྱོན་ཆེན་པོ་བཟོ་རྒྱུ་མ་ཟད། རྒྱ་ནག་དང་རྒྱ་གར་གྱི་འབྲེལ་ལམ་ཐད་ལ་ཡང་གནོད་སྐྱོན་ཆེན་པོ་འབྱུང་རྒྱུའི་ཉེན་བརྡ་བཏང་ཡོད་པ་རེད།
ཨ་རུ་ན་ཅཱལ་མངའ་སྡེའི་མོན་ས་ཁུལ་གྱི་མི་དམངས་ལ་མཚོན་ན། ཁོང་ཚོ་མང་ཆེ་བ་བོད་བརྒྱུད་ནང་བསྟན་རིག་གཞུང་ཉམས་ལེན་བྱ་མཁན་ཡིན་ལ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སོ་སོའི་བླ་མར་ངོས་འཛིན་ཞུ་གི་ཡོད་པ་རེད། ལྷག་པར་དུ་ས་གནས་དེ་ཁུལ་ནས་རྒྱ་གར་ནང་གི་གདན་ས་སེ་འབྲས་དགའ་གསུམ་གཙོས་བཤད་སྒྲུབ་ཀྱི་ལྟེ་གནས་ཁང་མང་པོའི་ནང་སློབ་གཉེར་གནང་མཁན་གྲྭ་རྒྱུན་མི་ཉུང་བ་ཞིག་ཡོད་པ་རེད།
ཨ་རུ་ན་ཅཱལ་མངའ་སྡེའི་ཁོངས་རྒྱ་གར་དང་རྒྱ་ནག་དབར་རྩོད་རྙོག་ཡོད་སའི་ས་ཁུལ་ནི་བོད་དང་ས་འབྲེལ་འཁེལ་བའི་མོན་གྱི་ས་ཁུལ་དེ་དག་ཡིན་ཞིང་། སྔ་རྗེས་རྒྱ་གར་དང་རྒྱ་ནག་དབར་ས་མཚམས་ཀྱི་རྩོད་རྙོག་སེལ་ཐབས་གྲོས་མོལ་ལན་མང་བྱས་ཡོད་ཀྱང་ད་བར་གྲུབ་འབྲས་གང་ཡང་ཐོན་མེད་པ་རེད།།

 

གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།