མི་ལོ་སོ་བརྒྱད་གོང་གི་༧པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་བཀའ་སློབ་ཞིག་ཡོངས་གྲགས་བྱུང་བའི་ནང་རྒྱ་ནག་ལ་སྐྱོན་བརྗོད་གནང་འདུག

2021-02-22
Share
མི་ལོ་སོ་བརྒྱད་གོང་གི་༧པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་བཀའ་སློབ་ཞིག་ཡོངས་གྲགས་བྱུང་བའི་ནང་རྒྱ་ནག་ལ་སྐྱོན་བརྗོད་གནང་འདུག ༧པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་མདོ་སྨད་མཛོད་དགེ་རྫོང་བྱམས་མེ་འབྲས་སྤུངས་དགོན་པར་ཕེབས་སྐབས། ༡༠།༡༩༨༢
གྱི་ལུང་སྒོ་དར་གྱི་འཕྲིན་སྟེགས།

མི་ལོ་༣༨གོང་གི་ཀུན་གཟིགས་༧པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་བཀའ་སློབ་སྒྲ་ཐག་ཞིག་ཡོངས་གྲགས་བྱས་བའི་ནང་མི་རིགས་འདྲ་མཉམ་གྱི་དོན་དག་བཤད་ན་མི་རིགས་ཁ་བྲལ་རིང་ལུགས་ཡིན་པར་བཤད་པ་ནི་མ་འགྲིག་པ་རེད་ཅེས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་གནང་འདུག
དེ་ཡང་༧པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་བཀའ་སློབ་སྒྲ་ཐག་ལོ་ངོ་༣༨རིང་ཕྱི་ལ་མ་ཐོན་པ་ཞིག་བོད་ནང་ནས་ཡོངས་གྲགས་འཕྲིན་སྟེགས་སུ་སྤེལ་བའི་ནང་། “མི་རིགས་འདྲ་མཉམ་གྱི་དོན་དག་བཤད་ན། ས་གནས་མི་རིགས་རིང་ལུགས་དང་མི་རིགས་ཁ་བྲལ་རིང་ལུགས་ཡིན་པར་བཤད་པ་ནི་མ་འགྲིག་པ་རེད་”ཅེས། རྒྱ་ནག་གཞུང་ལ་སྐྱོན་བརྗོད་དང་མི་རིགས་རང་སྐྱོང་གི་ཁེ་དབང་ལ་བརྩི་འཇོག་བྱ་དགོས་པ་སོགས་གསུངས་འདུག

panchen-shamey1.jpg

ཀུན་གཟིགས་༧པཎ་ཆེན་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན་མཆོག ཕྱི་ལོ་༡༩༨༢ལོའི་ཟླ་བ་༡༠པའི་ཚེས་༢༥ཉིན། མདོ་སྨད་མཛོད་དགེ་རྫོང་བྱམས་མེ་འབྲས་སྤུངས་དགོན་པ་རུ་ཆིབས་བསྒྱུར་སྐབས་ཀྱི་བཀའ་སློབ་སྒྲ་ཐག་ལོ་ངོ་༣༨རིང་ཕྱི་ལ་ཡོངས་གྲགས་མ་བཟོས་པ་ཞིག འདི་ལོའི་ལོ་སར་གྱི་སྐབས་དང་བསྟུན་ཕྱི་ལ་བཀྲམས་ཡོད་པའི་ནང་། ༧པཎ་ཆེན་རིན་པོ་ཆེ་མཆོག་གིས་དེང་སང་མི་ལ་ལས་ནམ་ཡིན་ན་མི་རིགས་མཐུན་སྒྲིལ་དགོས་ལུགས་བཤད་ཀྱི་ཡོད་ནའང་། མི་རིགས་འདྲ་མཉམ་གྱི་དོན་དག་བཤད་ན། དེ་ནི་ས་གནས་མི་རིགས་རིང་ལུགས་དང་མི་རིགས་ཁ་བྲལ་ལ་སོགས་པ་ཡིན་ལུགས་བཤད་པ་ནི་མ་འགྲིག་པ་རེད་ཅེས། རྒྱ་ནག་གཞུང་ལ་ཡོངས་གྲགས་སྐྱོན་བརྗོད་གནང་འདུག་ལ། ད་དུང་མི་རིགས་རང་སྐྱོང་གི་ས་ཁུལ་དུ། མི་རིགས་ཀྱི་གནད་དོན་ཆ་ཚང་ཐག་གཅོད་ཡག་པོ་བྱེད་དགོས་པ་དང་། བོད་རིགས་ཀྱིས་རྒྱ་རིགས་ལ་སོགས་མི་རིགས་གཞན་ལ་བརྩི་འཇོག་མཐུན་སྒྲིལ་ཡག་པོ་བྱ་དགོས་པ་བཞིན། རྒྱ་རིགས་སོགས་ཀྱིས་ཀྱང་བོད་ཀྱི་གོམས་གཤིས་དང་ལྷག་པར་མི་རིགས་རང་སྐྱོང་གི་ཁེ་དབང་ལ་བརྩི་འཇོག་བྱ་དགོས་པ་སོགས་བཀའ་སློབ་གནང་འདུག
སྐབས་དེར་ཀུན་གཟིགས་༧པཎ་ཆེན་བཅུ་པ་ཆེན་པོ་མཆོག་གིས་བཀའ་སློབ་གནང་ཡུལ། མཛོད་དགེ་བྱམས་མེ་ས་གནས་ཀྱིས་མཚོན་པའི་བོད་ཀྱི་འབྲོག་ས་ཁག་མང་པོ་ཞིག་ཏུ། རྩྭ་ས་རྩོད་གླེང་གིས་བོད་མི་ནང་ཁུལ་གསོད་རེས་གཏོང་བ་དང་། རྐུ་འཕྲོག་བཅོམ་གསུམ་ཤུགས་ཆེ་བྱེད་པ། བོད་མི་ཕན་ཚུན་འཁྲུག་འཛིང་གིས་བསད་རྨས་ཀྱི་གནས་ཚུལ་མང་པོ་བྱུང་གི་ཡོད་པས། དེ་འདྲ་གཏན་ནས་བྱ་མི་ཉན་པར་བོད་མི་ནང་ཁུལ་མཐུན་སྒྲིལ་བྱ་དགོས་པའི་སྐོར་ཡང་བཀའ་སློབ་གནང་འདུག
ད་དུང་ཀུན་གཟིགས་༧པཎ་ཆེན་བཅུ་པ་ཆེན་པོ་མཆོག་གིས། སྡེ་བ་ཚོ་བའི་ནང་གི་དབུལ་ཕོངས་དང་དབང་པོ་སྐྱོན་ཅན་སོགས་ཉམ་ཐག་པའི་རིགས་ལ། རོགས་རམ་ཡག་པོ་གནང་དགོས་པ་ནི་བོད་མི་རིགས་ཀྱི་གོམས་གཤིས་དང་སྲོལ་རྒྱུན་བཟང་པོ། སངས་རྒྱས་ཀྱི་ཆོས་དང་མཐུན་པ་ཞིག་རེད་ཅེས་གསུང་ཡོད་པ་མ་ཟད། ལས་རྒྱུ་འབྲས་བརྩི་རྒྱུ་དང་སེམས་བཟང་པོ་བྱ་དགོས་པ། ཕྲུ་གུ་ལོ་ཆུང་ཚོར་ཤེས་ཡོན་སློབ་གསོ་ཡག་པོ་སྤྲོད་དགོས་པའི་ལམ་སྟོན་གནང་ཡོད་པ་རེད།
ཀུན་གཟིགས་༧པཎ་ཆེན་བཅུ་པ་མཆོག་གིས་སྐར་མ་༣༧ཙམ་རིང་ཆོས་འཇིག་རྟེན་གཉིས་ཐད་ནས། བརྗོད་གཞི་སྣ་ཚོགས་ཐོག་འབྲོག་པ་ཚོར་བཀའ་སློབ་གནང་བའི་སྒྲ་ཐག་དེ། སྐབས་དེར་མཛོད་དགེ་བྱམས་མེའི་རྔ་སྐོར་བསྟན་འཕེལ་དང་ཚེ་ཤུལ་ཞི་བྷ་གཉིས་ནས་སྒྲ་འཇུག་གནང་བ་ཞིག་དང་། བཀའ་སློབ་དེ་གནང་སྐབས། ཁྲི་ཆེན་གུང་ཐང་སྐུ་ཕྲེང་དྲུག་པ་བསྟན་པའི་དབང་ཕྱུག་དང་། སྡེ་ཁྲི་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོ། ཁྲི་རྒན་བློ་བཟང་ཚུལ་རྒྱ་མཚོ། རྗེ་རྣམ་གྲོལ་འཕྲིན་ལས་རྒྱ་མཚོ། དབལ་ཤུལ་བསྟན་པའི་རྒྱལ་མཚན་དང་ཁྱོམ་པོ་ཚུལ་ཁྲིམས་རྒྱ་མཚོ། ཨ་ལགས་བློ་བཟང་འཕྲིན་ལས་སོགས་མདོ་སྨད་ཀྱི་བླ་ཆེན་མང་པོ་ཞིག་ཀྱང་བཞུགས་ཡོད་འདུག སྐབས་དེར་༧པཎ་ཆེན་རིན་པོ་ཆེས་འབྲོག་ས་ཁག་ལ་ཆེད་དུ་གཟིགས་ཞིབ་དང་། མཛོད་དགེ་བྱམས་མེའི་དཔོན་ཚང་དུ་ཕེབས་པ་སོགས་ཀྱི་སྐུ་པར་ཀྱང་མཉམ་དུ་བཀྲམས་ཡོད་ཁར། ༧པཎ་ཆེན་རིན་པོ་ཆེའི་བཀའ་སློབ་དེ་ཨ་མདོའི་ཁ་སྐད་ཀྱི་ནང་གསུང་ཡོད་པ་རེད།
ཀུན་གཟིགས་༧པཎ་ཆེན་སྐུ་ཕྲེང་བཅུ་པ་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་མཆོག་ནི། ཕྱི་ལོ་༡༩༣༨ལོར་མདོ་སྨད་མཚོ་སྔོན་བིས་མདོ་དཔོན་ཚང་དུ་འཁྲུངས་ཤིང་། ཕྱི་ལོ་༡༩༨༩ལོའི་ཟླ་༡ཚེས་༢༨ཉིན་གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོ་རུ་དགོངས་པ་མྱ་ངན་ལས་འདས་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།