པཎ་ཆེན་རིན་པོ་ཆེ་གློད་གྲོལ་ཆེད་བོད་མི་ཚོས་གང་སར་འབོད་སྐུལ་ལས་འགུལ་སྤེལ་འདུག

2021.05.17
པཎ་ཆེན་རིན་པོ་ཆེ་གློད་གྲོལ་ཆེད་བོད་མི་ཚོས་གང་སར་འབོད་སྐུལ་ལས་འགུལ་སྤེལ་འདུག ནེའུ་ཡོག་ནང་ས་གནས་བོད་ཀྱི་གཞོན་ནུ་ཚོགས་པས་སྣེ་ཁྲིད་ནས་པཎ་ཆེན་རིན་པོ་ཆེའི་ཆེད་སྐད་འབོད་ལས་འགུལ། ༥།༡༧།༢༡
དྲ་བཤུས། /NYNJ RTYC

བོད་མིའི་སྒྲིག་འཛུགས་དང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་བཅས་ནས་རྒྱ་ནག་གཞུང་གིས་༧པཎ་ཆེན་རིན་པོ་ཆེ་བཙན་ཁྲིད་ནི་ཁྲིམས་འགལ་གྱི་བྱ་སྤྱོད་ཅིག་ཡིན་པས་མགྱོགས་མྱུར་གློད་གྲོལ་གཏོང་དགོས་བའི་དགོས་འདུན་བཏོན་འདུག
འདི་ཚེས་༡༧་ཉིན་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་བོད་ཕྱིའི་བོད་མི་གནས་སྡོད་བྱེད་ཡུལ་གང་སར་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་བའི་པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གློད་གྲོལ་ཆེད་རྣམ་པ་འདྲ་མིན་གྱི་ལས་འགུལ་སྤེལ་ནས་འབོད་སྐུལ་གནང་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་ཡིག་ཐོག་གསུང་འཕྲིན་ཞིག་ཕེབས་པའི་ནང་། རྒྱལ་སྤྱིའི་གཞུང་སྒེར་ཚོགས་པ་དང་། གྲོས་ཚོགས་འཐུས་མི། བོད་དོན་རྒྱབ་སྐྱོར་ཚོགས་པ་སོགས་གང་ན་སུ་བཞུགས་ཀྱིས། ༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གློད་གྲོལ་ཆེད་འབད་བརྩོན་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག ད་དུང་མུ་མཐུད་དུ་༧པཎ་ཆེན་རིན་པོ་ཆེ་དང་ཁོང་གི་ནང་མི། བྱ་བྲལ་རིན་པོ་ཆེ་དང་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་བརྒྱུད། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་དཀའ་ངལ་གནས་སྟངས་སེལ་ཆེད་རྒྱབ་སྐྱོར་དང་འབད་བརྩོན་གནང་དགོས་པའི་རེ་སྐུལ་གནང་འདུག
ཡང་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་འགྲོ་བ་མིའི་ཐོབ་ཐང་ཚན་པའི་འགན་འཛིན་འབྲུག་བསྟན་སྐྱིད་ལགས་ནས། ལོ་ངོ་༢༦་གི་རྗེས་སུའང་༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གར་སོང་ཆ་མེད་འོག་གནས་པ་ནི། ཁྲིམས་འགལ་གྱི་བྱ་སྤྱོད་ཅིག་ཡིན་པས་རྒྱ་ནག་གཞུང་གིས་ཁོང་མགྱོགས་མྱུར་གློད་གྲོལ་གཏོང་དགོས་པའི་དགོས་འདུན་བཏོན་གནང་གི་འདུག

དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་གསལ་བསྒྲགས་ཤིག་སྤེལ་བའི་ནང་། རྒྱལ་སྤྱིའི་གཞུང་དང་ཚོགས་སྡེ་ཁག་བཅས་ཀྱི་ངོས་ནས། པཎ་ཆེན་རིན་པོ་ཆེ་མཆོག་མི་ལོ་༢༦་རིང་གར་སོང་ཆ་མེད་དུ་སོང་བ་འདི་ནི་ལོ་རྒྱུས་ཐོག་བྱུང་མ་མྱོང་བ་ལྟ་བུ་ཞིག་ཡིན་པས། འཛམ་གླིང་ལོ་རྒྱུས་ཀྱི་ཟིན་ཐོའི་ནང་འགོད་རྒྱུར་རམ་འདེབས་གནང་རྒྱུ་དང་། ཨ་རི་གཙོས་པའི་རྒྱལ་ཁབ་ཁག་གི་དབུ་ཁྲིད་རྣམ་པས། རྒྱ་གཞུང་ལ་༧པཎ་ཆེན་རིན་པོ་ཆེ་སྐུ་འཚོ་བཞུགས་ཡོད་མེད་ཀྱི་གནས་ཚུལ་གསལ་སྟོན་དགོས་པའི་དགོས་འདུན་བཏོན་ཡོད་ནའང་། རྒྱ་ནག་གཞུང་གིས་མགོ་སྐོར་རྫུན་གཏམ་འབའ་ཞིག་ལ་བརྟེན་ནས་གཡོལ་ཐབས་བྱས་ཡོད་སྟབས། གཞུང་སྒེར་གྱི་རྒྱབ་སྐྱོར་བ་རྣམས་ཀྱིས་༧པཎ་ཆེན་རིན་པོ་ཆེ་མཆོག་གློད་གྲོལ་མ་བྱུང་གི་བར་སྔར་བཞིན་རྒྱ་དམར་གཞུང་ལ་དགོས་འདུན་དང་སྐུལ་ལྕག་གནང་རྒྱུ་བཅས་ཀྱི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་བཀོད་འདུག

ད་དུང་རྐུ་ལ་ཤོར་བའི་བྱིས་པ་ཞེས་བའི་ཕྱག་དེབ་ཞིག་དབུ་འབྱེད་དང་འབྲེལ་པཎ་ཆེན་རིན་པོ་ཆེ་གར་སོང་ཆ་མེད་གྱུར་བ་ནི། འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱ་ཡུལ་གྱི་གནད་དོན་ཞིག་ཡིན་པ་དང་རྒྱ་ནག་གཞུང་གིས་ཁོང་གློད་གྲོལ་གྱིས་འཛམ་གླིང་མི་མང་ལ་གསལ་སྟོན་དགོས་པ་སྲིད་སྐྱོང་བློ་བཟང་སེང་གེ་ལགས་ཀྱིས་འབོད་སྐུལ་གཏམ་བཤད་གནང་ཡོད་པ་རེད།

taiwan.jpg

གཞན་ཡང་བཞུགས་སྒར་དུ་ཡོད་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ནས། ཁོང་ཚོས་དྲ་ལམ་ནས་རྒྱལ་སྤྱིའི་གསར་འགོད་པ་དང་ཉམས་ཞིབ་པ། ཞུ་གཏུག་པ་སོགས་མང་པོ་ཞིག་གདན་ཞུ་བྱས་ནས་༧པཎ་ཆེན་རིན་པོ་ཆེ་ནང་མི་སྐུ་འཁོར་དང་བཅས་པའི་གནས་སྟངས་ཇི་ཆགས་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་གསལ་བཤད་བྱེད་དགོས་པ་དང་། ༧པཎ་ཆེན་རིན་པོ་སྐུ་འཁོར་དང་བཅས་པ་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ་ཞུས་པ་འགྲེལ་བརྗོད་གནང་གི་འདུག

རྒྱ་ནག་གཞུང་གིས་སྤྱི་ལོ་༡༩༩༣་ལོར་རྒྱལ་སྤྱིའི་བྱིས་པའི་ཐོབ་ཐང་ལག་བསྟར་བྱ་ངེས་ཀྱི་གྲོས་ཆིངས་ལ་ངོས་ལེན་མིང་རྟགས་བཀོད་ཡོད་ནའང་། སྤྱི་ལོ་༡༩༩༥་ལོར་དགུང་ལོ་དྲུག་ལས་མ་སོན་པ་༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་བཙན་ཁྲིད་བྱས་པ་ནི། རྒྱ་ནག་གཞུང་གིས་དོན་དངོས་ཐོག་རྒྱལ་སྤྱིའི་ཁྲིམས་ལ་རྡོག་རོལ་གྱི་གནས་སྟངས་ཧ་ཅང་ཚབས་ཆེན་ཞིག་ཆགས་ཡོད་པ་དང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཐོག་ནས། རྒྱ་ནག་གཞུང་གིས་ཆ་རྐྱེན་ཅི་ཡང་མེད་པའི་སྒོ་ནས་༧པཎ་ཆེན་རིན་པོ་ཆེ་སྐུ་འཁོར་དང་བཅས་པ་གློད་གྲོལ་གཏོང་དགོས་པ་དང་། རྒྱལ་སྤྱིའི་རང་དབང་ལྡན་པའི་སྐུ་ཚབ་སོགས་ཁོང་ལ་མཇལ་འཕྲད་གནང་འཇུག་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད།
དེ་བཞིན་ཨ་རི་དང་། ཁེ་ཎ་ཌ། ཡོ་རོབ། ཐེ་ཝན་སོགས་བོད་མི་གནས་སྡོད་བྱེད་ཡུལ་གང་སར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་བའི་པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གློད་གྲོལ་ཆེད་རྣམ་པ་འདྲ་མིན་གྱི་ལས་འགུལ་སྤེལ་ནས་འབོད་སྐུལ་གནང་ཡོད་པ་རེད།

༧པཎ་ཆེན་སྐུ་ཕྲེང་༡༡་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ནི། བོད་རང་སྐྱོང་ལྗོངས་ཟེར་བའི་ནག་ཆུ་ས་ཁུལ་ལྷ་རི་རྫོང་དུ། སྤྱི་ལོ་༡༩༨༩་ལོའི་ཟླ་བ་༤་པའི་ཚེས་༢༥་ཉིན་སྐུ་འཁྲུངས་པ་དང་། དགུང་ལོ་དྲུག་གི་ཐོག་བོད་མིའི་དབུ་ཁྲིད་༧གོང་ས་མཆོག་གིས་༧པཎ་ཆེན་སྐུ་ཐོག་གོང་མའི་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་གནང་ཡོད་ནའང་། རྒྱ་ནག་གཞུང་གིས་འཕྲལ་དུ་འཛིན་བཟུང་བཙན་ཁྲིད་ཀྱིས་གར་སོང་ཆ་མེད་གྱུར་ནས་ད་ཆ་མི་ལོ་ཧྲིལ་བོ་༢༦་འཁོར་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་ལྷ་ལྡན་ཇོ་བོའི་མདུན་ནས་གསེར་བུམ་དཀྲུགས་ཏེ་ཁྱེའུ་རྒྱལ་མཚན་ནོར་བུ་ཟེར་བ་ཞིག ༧པཎ་ཆེན་སྐུ་ཐོག་གོང་མའི་ཡང་སྲིད་དུ་གཞུང་འབྲེལ་གྱི་ལམ་ནས་ངོས་འཛིན་བྱས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎