༸སྐུའི་བླ་སྨན་པ་ཟུར་པ་ཡེ་ཤེས་དོན་ལྡན་ལགས་ཀྱི་སྐུ་ཕུང་བཞུགས་སྒར་རྡ་རམ་ས་ལར་ཞུགས་འབུལ་གནང་ཡོད་པ།

2019-11-29
གློག་འཕྲིན།
མཆན།
Share
པར་བཀོད།
༸སྐུའི་བླ་སྨན་པ་ཟུར་པ་ཡེ་ཤེས་དོན་ལྡན་ལགས་ཀྱི་སྐུ་ཕུང་ཞུགས་འབུལ་སྐབས་མྱ་ངན་གུས་བཏུད་ཞུ་བར་རྒྱ་གར་བ་དང་བོད་རིགས་དེ་བཞིན་ཕྱི་རྒྱལ་བ་བཅས་མི་གྲངས་༥༠༠ལྷག་ཕེབས་ཡོད་པ།
༸སྐུའི་བླ་སྨན་པ་ཟུར་པ་ཡེ་ཤེས་དོན་ལྡན་ལགས་ཀྱི་སྐུ་ཕུང་ཞུགས་འབུལ་སྐབས་མྱ་ངན་གུས་བཏུད་ཞུ་བར་རྒྱ་གར་བ་དང་བོད་རིགས་དེ་བཞིན་ཕྱི་རྒྱལ་བ་བཅས་མི་གྲངས་༥༠༠ལྷག་ཕེབས་ཡོད་པ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།

སྤྱི་ཟླ་ ༡༡ ཚེས་༢༩ཉིན། བཞུགས་སྒར་རྡ་རམ་ས་ལའི་ཆར་ཞོད་ལ་མ་འཛེམས་པར་རྒྱ་གར་ས་གནས་དཔོན་རིགས་གཙོ་བོར་འགྱུར་བའི་རྒྱ་གར་བ་དང་། ཕྱི་རྒྱལ་གྱི་མི་རིགས། དེ་བཞིན་བོད་རིགས་སོགས་མི་གྲངས་ ༥༠༠ བརྒལ་བས། ༸སྐུའི་བླ་སྨན་པ་ཟུར་པ་ཡེ་ཤེས་དོན་ལྡན་ལགས་ཀྱི་སྐུ་ཕུང་ཞུགས་འབུལ་སྐབས་མྱ་ངན་གུས་བཏུད་ཞུ་བར་ཕེབས་འདུག  
སྐབས་དེར་རྒྱ་གར་གྱི་ས་གནས་དཔོན་རིགས་དང་། སྐུའི་བླ་སྨན་པ་དམ་པ་ཁོང་ཉིད་ཀྱི་དངོས་སློབ། དེ་བཞིན་ཁོང་གིས་སྨན་བཅོས་གནང་མྱོང་བའི་ནད་པ་སོགས་ནས་མྱ་ངན་རྗེས་དྲན་གྱི་གཏམ་བཤད་སྤེལ་ཡོད་ཅིང་། རྒྱ་གར་ཧི་མ་ཅལ་མངའ་སྡེའི་ Kangra རྫོང་གི་རྫོང་དཔོན་གཞོན་པ་སྐུ་ཞབས་ Raghav Sharma མཆོག་གིས་སྨན་པ་ཡེ་ཤེས་དོན་ལྡན་ལགས་བློ་བུར་དུ་དགོངས་པ་རྫོགས་པར་མྱ་ངན་གུས་བཏུད་དང་། དམ་པ་ཁོང་གིས་བོད་མིའི་སྤྱི་ཚོགས་དང་ལྷག་པར་ཧི་མ་ཅལ་མངའ་སྡེའི་ཡུལ་མི་རྣམས་ལ་ཞབས་འདེགས་ཆེན་པོ་ཞུས་ཡོད་པར་ང་ཚོས་ངོས་འཛིན་ཞུ་མུས་ཡིན་ཞེས་སེམས་ཚོར་ཆེན་པོས་འགྲེལ་བརྗོད་གནང་ཡོད་པ་རེད།
སྨན་པ་ཡེ་ཤེས་དོན་ལྡན་ལགས་དམ་པ་ཁོང་སྤྱི་ལོ་ ༡༩༢༧ ལོར་བོད་ལྗོངས་ལྷོ་ཁ་ཁུལ་དུ་འཁྲུངས་ཤིང་། བཙན་བྱོལ་དུ་ཕེབས་རྗེས་མི་ལོ་ ༢༠ རིང་༸གོང་ས་མཆོག་གི་སྐུའི་བླ་སྨན་པའི་ཞབས་ཞུ་གནང་ཡོད་པ་རེད། ཁོང་གིས་བོད་རིགས་གཙོས་པའི་རྒྱ་གར་ནད་པ་དུ་མ་ཞིག་ལ་སྨན་བཅོས་ཕན་རླབས་ཆེན་པོ་བྱུང་བར་ངོས་འཛིན་ཞུ་ཆེད་ ༢༠༡༨ ལོར་རྒྱ་གར་དབུས་གཞུང་ནས་རྒྱ་གར་མི་སེར་གྱི་ཆེས་མཐོའི་གཟེངས་རྟགས་བཞི་པ་Padma Shri འབུལ་ལམ་ཞུས་པ་དང་། ཁོང་ཟླ་བ་འདིའི་སྤྱི་ཚེས་ ༢༦ ཉིན་དགོངས་པ་རྫོགས་པའི་སྐབས་སུ་དགོངས་གྲངས་ ༩༢ ལ་ཕེབས་ཡོད་པ་རེད།།

དྲ་གནས་ཆ་ཚང༌།