རྒྱ་ནག་ལ་བཏང་བའི་དཔྱད་ཁྲ་དེ་ཧྥེ་ལེ་པེན་གྱི་རྒྱལ་ཁ་ཡིན་ཟེར།


2016-07-15
Share
ཧྥེ་ལེ་པེན་གྱི་ཡུལ་མི་ཚོས་རྒྱ་ནག་གཞུང་ཚབ་མདུན་ངོ་རྒོལ་གནང་བཞིན་པ། ༢༠༡༦།༧།༡༢ ཧྥེ་ལེ་པེན་གྱི་ཡུལ་མི་ཚོས་རྒྱ་ནག་གཞུང་ཚབ་མདུན་ངོ་རྒོལ་གནང་བཞིན་པ། ༢༠༡༦།༧།༡༢
AFP

རྒྱལ་སྤྱིའི་ཁྲིམས་ལུགས་དང་གོ་ལའི་སྒྲིག་སྲོལ་ལ་ཡིད་ཆེས་བསྐྱར་ནན་བྱུང་བ་ཧྥེ་ལེ་པེན་གྱི་ཞུ་གཏུག་སྤྱི་ཁྱབ་ཀྱིས་གསུངས་འདུག
ཉེ་ལམ་རྒྱལ་སྤྱིའི་བར་འདུམ་ཁྲིམས་ཞིབ་ལྷན་ཚོགས་ནས། ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་དུ་རྒྱ་ནག་དང་། ཧྥེ་ལེ་པེན་Philippines་དབར་མཚོ་གླིང་བདག་དབང་གི་རྩོད་རྙོག་ཐད། ཁུལ་དེའི་ནང་རྒྱ་ནག་གི་བདག་དབང་ཡོད་ཚུལ་བརྗོད་བཞིན་པ་དེར་ལོ་རྒྱུས་ཀྱི་དཔང་རྟགས་གང་ཡང་མེད་པའི་སྐོར་དཔྱད་ཁྲ་བཏང་ཡོད་པ་དེ་Philippines་ལ་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་རྒྱལ་ཁ་ཞིག་ཡིན་པ་དང་། དཔྱད་ཁྲ་དེ་བརྒྱུད་རྒྱལ་ཁབ་ཁེར་རྐྱང་གཅིག་གི་ལྷོ་རྒྱ་ནག་རྒྱ་མཚོ་ཡོངས་རྗོགས་བདག་བཟུང་བྱ་རྒྱུའི་ཐོབ་ཐང་མེད་པ་དེ་ཁྲིམས་ཐོག་ནས་གསལ་བཏོན་བྱུང་ཡོད་པ་མ་ཟད། དཔྱད་ཁྲ་དེས་རྒྱལ་སྤྱིའི་ཁྲིམས་ལུགས་དང་གོ་ལའི་སྒྲིག་སྲོལ་ལ་ཡིད་ཆེས་བསྐྱར་ནན་བྱུང་ཡོད་པའི་སྐོར་Philippines་གྱི་དབུས་གཞུང་གི་ཞུ་གཏུག་སྤྱི་ཁྱབ་Jose Calido་ཡིས་ཚེས་༡༥་རེས་གཟའ་པ་སངས་ཉིན་གསུངས་འདུག
དེ་ནི་Netherland ་གྲོང་ཁྱེར་Hague་དུ་རྟེན་གཞི་བྱེད་པའི་རྒྱལ་སྤྱིའི་བར་འདུམ་ཁྲིམས་ཞིབ་ལྷན་ཚོགས་ཀྱིས། ཚེས་༡༢་ཉིན། ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་དུ་མཚོ་གླིང་བདག་ཐོབ་ཀྱི་རྩོད་རྙོག་སྐོར་རྒྱ་ནག་ལ་ཕམ་ཉེས་ཀྱི་དཔྱད་ཁྲ་གསལ་བསྒྲགས་བྱས་པའི་རྗེས། Philippines གཞུང་ནས་དཔྱད་ཁྲ་ལག་བསྟར་འབྱུང་ཐབས་སུ་རྒྱ་ནག་དང་གྲོས་མོལ་ཡོང་རྒྱུའི་ཆེད་རྒྱ་ནག་ལ་ཕོག་ཐུག་ལ་སོགས་པའི་གཏམ་བཤད་དེ་ཙམ་སྤེལ་མེད་པ་རེད། གནས་ཚུལ་དབྱེ་ཞིབ་པ་ཁག་གིས། ད་རེས་Philippines་གྱི་དབུས་ཞུ་གཏུག་སྤྱི་ཁྱབ་མཆོག་གིས་གཏམ་བཤད་དེས་ རྒྱ་ནག་ལ་ཁོང་ཁྲོ་སློང་ཉེན་ཆགས་ཡོད་པ་གཟིགས་ཀྱི་ཡོད་འདུག
དེ་བཞིན་China Securities Journal་འམ་རྒྱ་ནག་གི་བདེ་འཇགས་དུས་དེབ་ཞེས་པའི་གསར་ཤོག་གིས་གནས་ཚུལ་བཀོད་དོན་གཞིགས་ན། རྒྱལ་སྤྱིའི་བར་འདུམ་ཁྲིམས་ཞིབ་ཁང་ནས་ལྷོ་རྒྱ་ནག་རྒྱ་མཚོའི་རྩོད་རྙོག་ཐད། རྒྱ་ནག་ལ་ཕམ་ཉེས་ཀྱི་དཔྱད་ཁྲ་བཏང་བའི་ཉིན་ཤས་རྗེས་ཀྱི་ཚེས་༡༥ཉིན། ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་དུ་འཛུགས་བསྐྲུན་ཡར་རྒྱས་ཀྱི་ལས་གཞིར་དམིགས་སྟེ། རྒྱ་ནག་གཞུང་ནས་ཁུལ་དེའི་ནང་རྡུལ་ཕྲན་ནུས་ཤུགས་མཁོ་འདོན་གྱི་སྡིངས་ཆ་རིམ་པ་འཛུགས་བསྐྲུན་བྱེད་འཆར་ཡོད་པའི་སྐོར་གནས་ཚུལ་སྤེལ་འདུག
དེའི་ནང་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་དུ་ཚོང་ལས་གོང་འཕེལ་དང་འབྲེལ་བའི་ལས་དོན་རྒྱ་ཆེར་གཏོང་ཆེད། རྒྱ་ནག་གཞུང་ནས་ལྷོ་རྒྱ་ནག་རྒྱ་མཚོའི་Spratly་མཚོ་གླིང་ཁུལ་དུ། རྡུལ་ཕྲན་ནུས་ཤུགས་ཀྱི་སྡིངས་ཆ་༢༠་ཙམ་གསར་འཛུགས་བྱ་རྒྱུ་ཡིན་ལུགས་འཁོད་འདུག
ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་གྱི་མཚོ་གླིང་ཁག་གི་བདག་དབང་ཐོག རྒྱ་ནག་དང་། ཝེ་ཊི་ནམ་Vietnam, བྷི་རོན་Brunue, ཧྥེ་ལེ་པེན་Philippine, མཱ་ལེ་ཞི་ཡ་Malaysia, ཏེ་ཝན་Taiwan་བཅས་རྒྱལ་ཁབ་དྲུག་དབར་རྒྱུན་རིང་ནས་རྩོད་གླེང་ཡོད་མུས་ཁར། ཉེ་བའི་ལོ་དུས་ནང་། རྒྱ་ནག་གཞུང་ནས་རྩོད་གཞི་ཅན་གྱི་མཚོ་གླིང་ཆེ་ཁག་ནང་དམག་དོན་གྱི་རྟེན་གཞི་བཙུགས་པ་དང་། གནམ་ཐང་གསར་རྒྱག་བྱེད་པ། དེ་བཞིན་བཅོས་མའི་མཚོ་གླིང་འཛུགས་བསྐྲུན་བྱས་བས་རྙོག་གླེང་ཇེ་ཆེར་སོང་ཡོད་པ་རེད།
རྒྱལ་སྤྱིའི་བར་འདུམ་ཁྲིམས་ཁང་གི་དཔྱད་ཁྲ་དེའི་ནང་། ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་དུ་རྒྱ་ནག་གི་བདག་དབང་ཡོད་ཚུལ་བརྗོད་བཞིན་པ་དེར་ལོ་རྒྱུས་ཀྱི་དཔང་རྟགས་གང་ཡང་མེད་པ་མ་ཟད། རྒྱ་ནག་གིས་Philippines་གྱི་བདག་དབང་འོག་ཡོད་པའི་ས་ཁུལ་བཙན་བཟུང་བྱས་ཡོད་པ་དང༌། དེ་བཞིན་རྩོད་གཞི་ཡོད་པའི་མཚོ་གླིང་ཁག་ཅིག་ཐོག་དྲག་པོའི་རྟེན་གཞི་འཛུགས་བསྐྲུན་བྱས་ཏེ་མཚོ་ཁའི་ཁོར་ཡུག་ལའང་ཚབས་ཆེའི་གནོད་འཚེ་བཟོས་ཡོད་པ་མ་ཟད། རྒྱ་ནག་གིས་རྩོད་བཞིན་པའི་ཐོབ་ཐང་དེ་དག་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཏན་འབེབས་བྱས་པའི་མཚོ་ཁྲིམས་ཀྱི་ནང་དོན་དང་ཡོངས་སུ་འགལ་བ་ཞིག་ཡིན་པ་བརྗོད་འདུག། རྒྱ་ནག་གཞུང་རྒྱལ་སྤྱིའི་བར་འདུམ་ཁྲིམས་ཁང་གི་བར་འདུམ་གྱི་བརྒྱུད་རིམ་ནང་མཉམ་ཞུགས་བྱས་མེད་ལ་ད་རེས་ཀྱི་དཔྱད་ཁྲ་དེར་ངོས་ལེན་ནམ་ཡང་བྱ་རྒྱུ་མིན་པ་ལན་འདེབས་བྱས་ཡོད་པ་རེད༎

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།