མདོ་ལ་རི་རྒྱུད་ཀྱི་འཁྱགས་རོམ་བཞུ་ཚད་ཧ་ཅང་གི་མགྱོགས་པོ་ཡོད་པ་རྒྱ་ནག་གི་ཚན་རིག་པས་བརྗོད་འདུག


2020-11-11
Share
ཀན་སུའུ་ཕྱོགས་ནས་མཐོང་བའི་མདོ་ལ་རི་རྒྱུད་ཀྱི་གངས་བཞུ་བཞིན་པ། ༩།༢༧།༢༠ ཀན་སུའུ་ཕྱོགས་ནས་མཐོང་བའི་མདོ་ལ་རི་རྒྱུད་ཀྱི་གངས་བཞུ་བཞིན་པ། ༩།༢༧།༢༠
REUTERS

རྒྱ་ནག་གི་ཚན་རིག་པས་བོད་མཐོ་སྒང་བོད་ཀྱི་མདོ་ལ་རི་རྒྱུད་ཀྱི་འཁྱགས་རོམ་ལོ་རེ་ནས་བཞུ་ཚད་ཧ་ཅང་མྱུར་དུ་འགྲོ་བཞིན་ཡོད་པའི་སྙན་ཐོ་བཏོན་འདུག
ཕྱི་ཚེས་༡༠ཉིན་རོཡེ་ཀྲརསི་གསར་སྤེལ་ཁང་གིས་མཚོ་སྔོན་མདོ་ལ་ནས་རྒྱ་ནག་གི་ཚན་རིག་ཞིབ་འཇུག་པ་ཚོས་སྤེལ་བའི་གྲུབ་དོན་ལུང་འདྲེན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། ཚན་རིག་པ་ཚོས་འཛམ་གླིང་གི་གནམ་གཤིས་ཚ་དྲོད་རྒྱས་བཞིན་པའི་རྐྱེན་གྱིས་བོད་མཚོ་སྔོན་མདོ་ལ་རི་རྒྱུད་ཀྱི་འཁྱགས་རོམ་ཐོག་འགྱུར་ལྡོག་ཧ་ཅང་ཆེན་པོ་འགྲོ་བཞིན་ཡོད་པ་དང་། དེས་ས་ཁུལ་མང་པོའི་ནང་འཐུང་ཆུ་མི་འདང་བའི་དཀའ་ངལ་ཡང་ཚབས་ཆེན་དུ་འགྲོ་བཞིན་པར་བརྗོད་འདུག
ཕྱི་ལོ་༡༩༥༠ནས་བཟུང་རྒྱ་ནག་གིས་ས་ཁམས་རྟོག་ཞིབ་ས་ཚིགས་བཙུགས་ནས་རྟོག་ཞིབ་བྱེད་འགོ་བཙུགས་ཡོད་པ་དང་། བོད་མཐོ་སྒང་ཤར་བྱང་གི་ཐན་སྐམ་ཆེ་ལ་སྤྱི་ལེ་༨༠༠ཡི་རིང་ཚད་ཡོད་པའི་མདོ་ལ་རི་རྒྱུད་ཀྱི་ཆེས་ཆེ་བའི་འཁྱགས་རོམ་མི་ཌར་༤༥༠ཇེ་ཆུང་དུ་སོང་ཡོད་པ་ཤེས་རྟོགས་བྱུང་འདུག  སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་༢༠ཡོད་པའི་མདོ་ལ་རི་བརྒྱུད་ཀྱི་འཁྱགས་རོམ་དེར་སྟག་ལུང་རི་ཁུག་ཨང་༢༠ཞེས་མིང་བཏགས་ཡོད་ལ། རི་ཁུག་དེ་རི་ལུང་དང་དེའུ་འབུར་མང་པོ་ཕན་ཚུན་སྦྲེལ་བ་དང་ཆུ་ཕྲན་བཅས་ལས་གྲུབ་པ་ཞིག་ཡིན་ཡང་། ས་ཁུལ་དེར་རྟོག་ཞིབ་འགོ་བརྩམ་པ་ནས་ཆུའི་ཐོན་ཁུངས་བརྒྱ་ཆའི་བདུན་ཙམ་ཇེ་ཉུང་ཕྱིན་པ་མ་ཟད། ལོ་འདི་གར་དེ་ལས་ཀྱང་ཚབས་ཆེན་དུ་འགྲོ་བཞིན་པ་ཚན་རིག་པ་ཚོས་བརྗོད་ཡོད། དེ་བཞིན་རྒྱ་ནག་ས་ཁམས་རྟོག་ཞིབ་ས་ཚིགས་ཀྱི་འགན་འཛིན་ཆིན་ཞང་ནས། གནམ་གཤིས་ཚ་དྲོད་ཇེ་མཐོར་ཕྱིན་པའི་རྐྱེན་གྱིས་མི་ཌར་༡༣ཙམ་གྱི་འཁྱགས་རོམ་མེད་པར་གྱུར་བ་དེ་ནི་སེམས་འཚབ་བྱེད་གཞིར་གྱུར་བ་ཡོད་པ་མ་ཟད། འཁྱགས་རོམ་བཞུ་ཚད་ཧ་ལས་པའི་མགྱོགས་པོ་ཡིན་པ་རོའུ་ཡེ་ཌར་གསར་སྤེལ་ཁང་ལ་བརྗོད་འདུག
དེའི་ཐད་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་སྡེ་ཚན་གྱི་འགན་འཛིན་ཉམས་ཞིབ་པ་འཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན།
ཕྱི་ལོ་༡༩༥༠ཙམ་ནས་བོད་མཐོ་སྒང་དུ་ལོ་རེ་བཞིན་ཚ་དྲོད་འཕེལ་བཞིན་ཡོད་པ་དང་། ལྷག་པར་དུ་བོད་མདོ་སྟོད་སྨད་གང་སར་འཁྱགས་རོམ་དང་གངས་མྱུར་ཚད་ཆེན་པོས་བཞུ་བཞིན་ཡོད་པ་དེ་ནི་གསལ་པོ་རེད་ཅེས་འགྲེལ་བརྗོད་གནང་སོང་།
མདོ་ལ་རི་རྒྱུད།
བོད་མཐོ་སྒང་ནི་འཛམ་གླིང་ལྷོ་བྱང་གཉིས་ཀྱི་སྣེའི་རྗེས་འཁྱགས་རོམ་མང་ཤོས་ཡོད་པ་དེ་ཡིན་སྟབས། འཛམ་གླིང་སྣེ་གསུམ་པ་ཞེས་འབོད་ཀྱིན་ཡོད་ལ། བོད་ཀྱི་འཁྱགས་རོམ་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་གནད་དོན་ནི་རྒྱ་ནག་སྐམ་ས་ཆེན་པོ་གཙོས་འཛམ་གླིང་ཡུལ་མི་ས་ཡ་མང་པོའི་འཚོ་གནས་དང་འབྲེལ་ཆགས་ཡོད་པ་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད།
ཕྱི་ལོ་༡༩༥༠ནས་བཟུང་བོད་ཀྱི་ས་ཁུལ་ཡོངས་སུ་ཚ་དྲོད་ཇེ་མཐོར་ཕྱིན་ཏེ་མདོ་ལ་རི་རྒྱུད་ཀྱི་འཁྱགས་རོམ་རི་སྒང་༢༦༨༤ལ་གནོད་སྐྱོན་ཐེབས་བཞིན་པ་ཆིན་ཀང་ནས་བརྗོད་ཡོད། དེ་བཞིན་རྒྱ་ནག་ཚན་རིག་ཁང་གིས་ཕྱི་ལོ་༡༩༩༠ལོ་ནས་ཕྱི་ལོ་༢༠༡༠ལོའི་བར་མདོ་ལ་རི་རྒྱུད་ཡོངས་ཀྱི་འཁྱགས་རོམ་བཞུར་ཚད་དེ་ཕྱི་ལོ་༡༩༥༦ལོ་ནས་ཕྱི་ལོ་༡༩༩༠ལོའི་བར་དང་བསྡུར་ན་བརྒྱ་ཆའི་༥༠བར་འཕར་ཡོད་པ་བརྗོད་འདུག མདོ་ལ་རི་རྒྱུད་དེ་མཚོ་སྔོན་ཞིང་ཆེན་དང་ཀན་སུའུ་ཞིང་ཆེན་གྱི་ཁོངས་སུ་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།