དེ་སྔའི་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཆིན་ཀང་ཨ་རིའི་ནང་གི་དོན་རྐྱེན་ཞིག་དང་འབྲེལ་ནས་གནས་དབྱུང་བཏང་ཡོད་འདུག
རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་བསྐོ་བཞག་བྱས་བའི་དེ་སྔའི་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཆིན་ཀང་(Qin Gang)་གིས་ཟླ་ངོ་བདུན་གྱི་རིང་ལ་ཕྱི་སྲིད་བློན་ཆེན་གྱི་འགན་ཁུར་བའི་རྗེས་སུ། དུས་ཡུན་གང་མཚམས་རིང་གར་སོང་ཆ་མེད་སོང་བ་དང་ལོ་འདིའི་སྤྱི་ཟླ་༧པའི་ནང་ཁོ་རང་ཕྱི་སྲིད་བློན་ཆེན་གྱི་གོ་གནས་ནས་གནས་དབྱུང་བཏང་ཡོད་པ་རེད། ཁོང་ནི་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་དུས་ཡུན་ཐུང་ཤོས་དེ་ཆགས་ཡོད་པ་རེད།
དེའི་ཐད་སྤྱི་ཚེས་༡༩ཉིན་(Wall Street Journal)་ཞེས་པའི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བའི་ནང་དུ། གནས་དབྱུང་བཏང་མ་ཐག་པའི་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཆིན་ཀང་ཟེར་བས་ཨ་རིར་རྒྱ་ནག་གི་གཞུང་ཚབ་པའི་ལས་འགན་འཁུར་བཞིན་པའི་སྐབས་སུ། བུད་མེད་ཅིག་ལ་ལུས་འབྲེལ་བྱུང་ནས་བྱིས་པ་ཞིག་སྐྱེས་ཡོད་པ་ཤེས་རྟོགས་བྱུང་བའི་རྗེས་སུ་ལས་གནས་ནས་ཕྱིར་ཕུད་བཏང་པ་ཞིག་ཡིན་པའི་སྐོར་དང་། སྤྱི་ཟླ་བརྒྱད་པའི་ནང་དུ་རྒྱ་ནག་དམར་ཤོག་ཚོགས་པས་ཆིན་ཀང་གི་སྤྱོད་ཚུལ་དང་བྱ་སྤྱོད་ལ་གནད་དོན་ཡོད་པ་ཤེས་རྟོགས་བྱུང་བ་དང་། མིག་སྔར་ཞིབ་བཤེར་བྱ་གཞི་གཙོ་བོ་དེ་ནི་དོན་རྐྱེན་དེས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་སྐྱོན་ཡོད་མེད་དེ་ཡིན་པའི་སྐོར་འཁོད་ཡོད་འདུག
གནས་ཚུལ་ནང་དུ་ཆིན་ཀང་གི་གོ་གནས་ཕྱིར་བསྡུ་བྱས་པའི་རྗེས་སུ་ཁོ་རང་གི་ཚབ་ལ་ཝང་ཡེས་(Wang Yi)་ཕྱི་སྲིད་བློན་ཆེན་དུ་བསྐོས་པ་ལས་འགྲེལ་བཤད་གསལ་པོ་ཞིག་བརྒྱབས་མེད་པའི་སྐོར་འཁོད་ཡོད་འདུག
རྒྱ་ནག་གཞུང་གི་ནང་ཁུལ་གྱི་འབྲེལ་ཡོད་མི་སྣས། མིག་སྔར་རྒྱ་ནག་དམར་ཤོག་གཞུང་འཛིན་ཚོགས་པས་ཕྱི་རྒྱལ་གྱི་མི་སྣར་འབྲེལ་འདྲིས་བྱས་པར་ཡང་ཞིབ་བཤེར་བྱེད་ཀྱིན་ཡིན་པ་མ་ཟད། དམག་ཁུལ་གྱི་འབྲེལ་ཡོད་མི་སྣར་ཡང་དོགས་ཟོན་བྱེད་བཞིན་ཡོད་པའི་སྐོར་འགྲེལ་བརྗོད་བྱས་ཡོད་འདུག
ད་དུང་གནས་ཚུལ་ནང་དུ། ཆིན་ཀང་གིས་སྤྱི་ལོ་༢༠༡༦ལོ་ནས་ཕྱི་འབྲེལ་གྱི་ལས་ཀ་བྱས་ཡོད་འདུག་ལ། སྤྱི་ལོ་༢༠༢༡ལོར་ཨ་རིའི་རྒྱལ་སར་མངགས་གཏོང་བྱས་པ་ནས་བཟུང་། ནམ་རྒྱུན་ཨ་རིའི་རིག་གནས་འདྲ་མིན་གྱི་ནང་དུ་མཉམ་ཞུགས་བྱས་ཡོད་པའི་སྐོར་འཁོད་ཡོད་འདུག
དེ་བཞིན་གསར་ལམ་ཁག་གི་གནས་ཚུལ་ལྟར་ན། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་བསྐོ་བཞག་བྱས་པའི་རྒྱ་ནག་གི་བདེ་སྲུང་བློན་ཆེན་ལི་ཧྲང་ཧྥུ་(Li Shangfu)་ཉེ་ལམ་ཟླ་བ་༨པའི་ཚེས་༣༠ཉིན་ནས་གར་སོང་ཆ་མེད་དུ་སོང་ཡོད་པ་དང་། ད་ཆ་ཁོང་གིས་ལྐོག་ཟ་རུལ་སུངས་བྱས་རྐྱེན་ཞིབ་བཤེར་བྱེད་བཞིན་པའི་གནས་ཚུལ་ཞིག་ཐོན་བཞིན་པ་རེད།
གསར་འགོད་པ། ཀེ་ཐོ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།