རྒྱ་ནག་གཞུང་གིས་ས་ག་ཟླ་བའི་ནང་བོད་མི་ཚོར་དམ་དྲག་བྱེད་བཞིན་འདུག

2024.05.16
རྒྱ་ནག་གཞུང་གིས་ས་ག་ཟླ་བའི་ནང་བོད་མི་ཚོར་དམ་དྲག་བྱེད་བཞིན་འདུག རྒྱ་ནག་གིས་བོད་ནང་ས་ག་ཟླ་བའི་དུས་ཚིགས་ཀྱི་བརྟན་བརླིང་ཚོགས་འདུ་ཟེར་བ་ཚོགས་སྐབས། ༠༥།༢༠༢༤
Chinese State Media

བོད་ཕྱི་ནང་གཉིས་སུ་བོད་མི་ཚོས་ས་ག་ཟླ་བའི་དུས་ཆེན་སྲུང་བརྩི་ཞུ་བཞིན་པའི་སྐབས་འདིར། བོད་ཀྱི་རྒྱལ་ས་ལྷ་སའི་ཁུལ་དུ་རྒྱ་ནག་གཞུང་གིས་མཆོད་མཇལ་དུ་སྐྱོད་མཁན་སོགས་དད་ལྡན་མང་ཚོགས་ཁྲོད་དུས་རྒྱུན་དང་མི་འདྲ་བའི་དམ་དྲག་བྱེད་བཞིན་ཡོད་པ་དང་། རྒྱ་ནག་གཞུང་གི་འབྲེལ་ཡོད་ཚན་པས། བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་དུ་བོད་མི་ཚོ་དགོན་པར་མཆོད་མཇལ་དུ་སྐྱོད་པ་དང་སྐོར་རར་སྐྱོད་པ་སོགས་ཆོས་ཕྱོགས་ཀྱི་བྱེད་སྒོར་མཉམ་ཞུགས་བྱེད་པར་དམ་དྲག་བྱེད་པ་དང་། མི་མང་གི་ཆོས་དད་རང་དབང་ལ་ཚོད་འཛིན་བྱེད་འགོ་ཚུགས་ཡོད་པ་ རང་གི་བདེ་འཇགས་ཆེད་མིང་བརྗོད་འདོད་མེད་པའི་བོད་ནང་གི་འབྲེལ་ཡོད་བོད་མི་ཁག་ཅིག་གིས་གསུངས་བྱུང་ལ། ཉེ་ཆར་ས་ག་ཟླ་བ་འགོ་ཚུགས་པ་དང་ལྷ་སའི་བར་སྐོར་དང་གླིང་སྐོར་སོགས་སུ་ཉེན་རྟོག་པའི་ས་ཚིགས་ཇེ་མང་དུ་བཏང་ནས། མི་མང་ཁྲོད་གང་བྱུང་ཞིབ་བཤེར་དང་འདྲི་རྩད་བྱེད་ཀྱི་ཡོད་ཅིང་། རྒྱ་ནག་གི་ཐོབ་ཐང་ལག་འཁྱེར་བཟུང་མེད་པའི་བོད་མི་ཚོ་མཆོད་མཇལ་སོགས་སུ་གཏོང་གི་མེད་པར་དམ་དྲག་བྱེད་ཀྱི་ཡོད་པ་འགྲེལ་བརྗོད་གནང་བྱུང་། མ་ཟད་བོད་རང་སྐྱོང་ལྗོངས་ཀྱི་སྲིད་གཞུང་གི་ལས་བྱེད་དང་སློབ་གྲྭ་ཁག་གི་སློབ་མ་ཚོ་ས་ག་ཟླ་བའི་ཆོས་ལུགས་ཀྱི་བྱེད་སྒོར་ཞུགས་པ་དང་། མཆོད་མཇལ་ཞུ་བའི་གནས་སོགས་སུ་རྩ་བ་ནས་འགྲོ་སྐྱོད་མི་ཆོག་པའི་བཀོད་ཁྱབ་གཏོང་གི་ཡོད་པ་བརྗོད་བྱུང་།
ལོ་ལྟར་རྒྱ་ནག་གཞུང་གིས་བོད་ནང་ས་ག་ཟླ་བ་གཙོས་ཆོས་ལུགས་ཀྱི་བྱེད་སྒོ་ཆེ་ཁག་དང་། དུས་ཆེན་གལ་ཆེ་ཁག་སྲུང་བརྩི་ཞུ་བར་བོད་མི་ཚོར་རྣམ་པ་འདྲ་མིན་གྱི་ཐོག་ནས་དམ་དྲག་ཤུགས་ཆེར་བྱེད་ཀྱི་ཡོད་པ་རེད་ལ། ལྷ་སར་གནས་སྡོད་འབྲེལ་ཡོད་བོད་མི་ཞིག་གིས་ཁོང་ལྷ་སར་གཞིས་སྤོས་ནས་ལོ་༣༠ལྷག་འགྲོ་ཡི་ཡོད་པ་དང་། ཉེ་ཆར་ས་ག་ཟླ་བ་ཚེས་པ་དང་བསྟུན། སྐོར་རར་འགྲོ་སྐབས་ཉེན་རྟོག་པས་ས་ཚིགས་ས་ཚིགས་ནས་ཐོབ་ཐང་དཔང་ཡིག་བཤེར་བ་སོགས་བྱེད་ཀྱི་འདུག་པས། རྒྱུན་དུ་ཉེན་རྟོག་པ་དང་ཁ་རྩོད་ཤོར་ནས་སེམས་ཁམས་མི་སྐྱིད་པ་བཟོ་ཡི་འདུག་པས། སྐོར་རར་འགྲོ་རྒྱུའི་འདུན་པ་ཡང་ཇེ་ཉུང་དུ་འགྲོ་གི་འདུག་ཅེས་གསུངས་བྱུང་ལ། ཡང་བོད་མི་གཞན་ཞིག་གིས། ད་ལྟའི་ཆར་སྐོར་རར་འགྲོ་མཁན་ཉུང་ཉུང་རེད་འདུག་ལ། གཅིག་བྱས་ན་བོད་ཚེས་༨དང་༡༥སོགས་ལ་ཆོས་མཇལ་བ་མང་དུ་འགྲོ་སྲིད་པ་ཡིན་སྐོར་བརྗོད་བྱུང་།

萨嘎达瓦 (2).png
ཡང་རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ། ས་ག་ཟླ་བ་དང་འབྲེལ་རྒྱ་ནག་གཞུང་གིས་ལྷ་ས་གྲོང་ཁྱེར་སྟོད་ལུང་སྡེ་ཆེན་གདོང་དཀར་ས་གནས་དང་། ལྷོ་ཁའི་མཚོ་སྣ་རྫོང་། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ས་གནས་སོགས་སུ། ས་ག་ཟླ་བའི་དུས་ཚིགས་ཀྱི་བརྟན་བརླིང་ཚོགས་འདུ་ཟེར་བ་འཚོགས་ཡོད་པ་ལས། ལྷ་ས་གྲོང་ཁྱེར་དུ་ས་ག་ཟླ་བའི་རིང་དམར་ཤོག་ཚོགས་པའི་ལས་བྱེད་ཚོས་དམར་ཤོག་ཚོགས་པའི་སྒྲིག་ཁྲིམས་སྲུང་སྐྱོང་གིས། དམར་ཤོག་ཚོགས་པའི་ལྟ་གྲུབ་ཀྱི་ས་མཚམས་ལས་མི་བརྒལ་བ་དང་། ས་ག་ཟླ་བའི་ཆོས་ལུགས་རྨོངས་དད་དང་ཆོས་ལུགས་བྱེད་སྒོར་རྩ་བ་ནས་ཞུགས་མི་ཆོག་པ་སོགས་བསྒྲགས་འདུག དེ་བཞིན་ས་གནས་གཞན་དག་གི་ཚོགས་འདུའི་སྐབས་གཙོ་བོ་ས་ག་ཟླ་བའི་ནང་ཆོས་ལུགས་བྱེད་སྒོར་ཞུགས་རྒྱུ་མེད་པ་དང་། དམར་ཤོག་ཚོགས་པའི་ལངས་ཕྱོགས་བརྟན་པོར་འཛིན་དགོས་པ། སྲིད་གཞུང་གི་ལས་དོན་དང་ལངས་ཕྱོགས་ཐད་འཐུས་ཤོར་མེད་པ་དགོས་སྐོར་སོགས་བསྒྲགས་འདུག
འདི་ལོ་ས་ག་ཟླ་བར་ལྷ་ས་ནས་རླངས་འཁོར་ལ་བསྡད་ནས་ས་ཐག་ཅུང་རིང་སར་འགྲོ་སྐབས་སུ་ཡང་། རྒྱ་སྐད་དུ་(Shualian)་ཞེས་མིའི་ངོ་གདོང་ཐད་ཀར་འཕྲུལ་ཆས་ཀྱིས་བཤེར་ནས་ཐོ་འགོད་བྱེད་ཀྱི་ཡོད་པའི་འཕྲུལ་ཆས་ཕྱོགས་གང་སར་བཙུགས་ཡོད་པ་གསུང་བྱུང་།
ས་ག་ཟླ་བ་ནི་བོད་མི་ཚོར་མཚོན་ན་ལོ་གཅིག་ནང་དགེ་སྐུལ་ལ་འབད་ཐབས་ཀྱི་དུས་ཚིགས་གལ་ཆེན་ཞིག་ཆགས་ཡོད་པ་རེད་ལ། སྐབས་དེར་བོད་ནང་དུ་བོད་མི་ཚོས་དཀར་ཟས་ལོངས་སུ་སྤྱོད་པ་དང་སེམས་ཅན་སྲོག་བླུ་བྱེད་པ། སྨྱུང་གནས་སྲུང་བ། ཕྱག་མཆོད་དང་གནས་མཇལ་བྱེད་པ། དངུལ་དངོས་དང་རྒྱུ་ནོར་སོགས་ཕོན་ཆེན་བཏང་སྟེ་དགེ་བའི་ལས་ལ་འབད་བཞིན་ཡོད་པ་རེད།
ས་ག་ཟླ་བའི་དུས་ཚེས་དང་བསྟུན་བོད་ཀྱི་རྒྱལ་ས་ལྷ་ས་གཅིག་པུ་མ་ཡིན་པར། མདོ་སྟོད་སྨད་ཀྱི་ས་ཁུལ་སོགས་ཡོངས་ཀྱི་ནང་རྒྱ་ནག་གིས་དམ་དྲག་བྱེད་མིན་ལ་མ་ལྟོས་པར། རང་ལུས་མེར་བསྲེགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་མང་པོ་བྱུང་ཡུལ་རྔ་པ་ཀིརྟི་དགོན་པ་ལྟ་བུར་མཚོན་ན། ཕྱོགས་བཞི་མཚམས་བརྒྱད་དུ་བརྙན་མིག་བཙུགས་ནས་རྒྱ་ནག་གཞུང་གིས་ཆུ་ཚོད་ ༢༤ ཡི་རིང་སོ་ལྟ་བྱེད་ཀྱི་ཡོད་པ་མ་ཟད། དགོན་པའི་གཡས་གཡོན་དུ་ནམ་རྒྱུན་སྐྱ་ཆས་སྤྲས་པའི་ཉེན་རྟོག་པ་མང་པོ་ཞིག་ཡོང་ནས་ལྟ་རྟོགས་བྱེད་ཀྱི་ཡོད་པ་དང་། གློ་བུར་དུ་གྲྭ་ཤག་ནང་སྔོག་བཤེར་དང་རྗེས་འདེད་བྱེད་པ་སོགས་ཀྱི་དམ་དྲག་བྱེད་ཀྱི་ཡོད་འདུག་ལ། ཕྱི་ཟླ་ ༥ ནང་རྔ་པ་ཁུལ་ནང་བསྟན་མཐུན་ཚོགས་ཟེར་བས་རྔ་པ་ཁུལ་ཡོངས་ཀྱི་དགོན་སྡེའི་འཐུས་ཚབ་མི་སྣ་དང་ཚོགས་འདུ་ཟེར་བ་ཞིག་ཚོགས་ནས། དགོན་པ་ཁག་གིས་ཆོས་ལུགས་བྱེད་སྒོ་ཇེ་ཉུང་དང་ཚོད་འཛིན་དགོས་པ་སོགས་ཀྱི་ཆབ་སྲིད་སློབ་གསོ་སྤྲོད་པ་སོགས་བྱེད་བཞིན་ཡོད་འདུག ས་ག་ཟླ་བ་ནི་བོད་ཟླ་༤ཚེས་༡༥ཉིན་ཟླ་བ་དང་མཉམ་དུ་འགྲོགས་པའི་སྐར་མ་ནི་རྒྱུ་སྐར་ཉེར་བརྒྱད་ཀྱི་ནང་ནས་རྒྱུ་སྐར་ས་ག་ཡིན་པའི་ཆ་ནས་བོད་ཟླ་བཞི་པར་ས་ག་ཟླ་བ་ཞེས་འབོད་པ་དང་། སྟོན་པ་ཤཱཀྱ་ཐུབ་པ་སྐུ་བལྟམས་པ་དང་། སངས་རྒྱས་པ། སྐུ་མྱ་ངན་ལས་འདས་པའི་དུས་ཆེན་ཏེ་དུས་ཆེན་མང་པོ་མཉམ་དུ་འཁེལ་བས། དེ་སྔ་བོད་ནང་རྒྱ་ནག་གི་བཙན་འཛུལ་མ་བྱས་སྔོན་ས་ག་ཟླ་བ་དང་བསྟུན་བོད་གཞུང་གི་ངོས་ནས་ཚེས་ ༡༥ ཉིན་དེར་བཀའ་བློན་རྣམ་པ་གཙོས་ཤོད་སྐོར་ཡོངས་རྫོགས་ལྷ་སའི་གཙུག་ལག་ཁང་དང་ར་མོ་ཆེ། ཞི་ཁྲོ་ལྷ་ཁང༌། ནོར་གླིང་བསྐལ་བཟང་ཕོ་བྲང༌། རྩེ་ཕོ་བྲང་སོགས་སུ་མཆོད་མཇལ་དང་གླིང་སྐོར་ལ་ཕེབས་ཀྱི་ཡོད། ཉིན་དེར་ལྷ་སའི་གྲོང་མི་རྣམས་ཀྱིས་ཞོགས་པའི་ཕྱག་མཆོད་རྣམས་གྲུབ་རྗེས་གཟབ་མཆོར་ལེགས་པར་སྤྲས་པ་དང་སྦྲགས་ཇ་ཆང་ཞིམ་ཟས་འཁྱེར་ཏེ་རྫོང་རྒྱབ་ཀླུ་ཁང་དུ་ཀོ་གྲུར་ཞུགས་ནས་མཚོ་སྐོར་དང༌། གླུ་གཞས་རྣམ་ཐར་སོགས་བླངས་ཏེ་སྤྲོ་སྐྱིད་གཏོང་སྲོལ་ཡོད་པ་རེད་འདུག།


གསར་འགོད་པ། བསོད་ནམས་ལྷ་མོ། དཔལ་འབར།
རྩོམ་སྒྲིག་པ། བསྟན་འཛིན་པདྨ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་སྲུང་ཟུར་པ་༢༨༠ལྷག་ལ་མཇལ་ཁ་སྩལ་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་གསང་བའི་ལས་ཁུངས་ཀྱིས་དེ་སྔ་བོད་དམག་ཚོར་གསང་བའི་དམག་སྦྱོང་སྤྲོད་ཡུལ་དངོས་རྩད་ཆོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎