རྒྱ་གར་ལ་དྭགས་དང་རྡ་རམ་སཱ་ལ་སོགས་སུ་བཀའ་ཟུར་ཟམ་གདོང་རིན་པོ་ཆེའི་འཁྲུངས་སྐར་སྲུང་བརྩི་གནང་འདུག

2021.11.05
རྒྱ་གར་ལ་དྭགས་དང་རྡ་རམ་སཱ་ལ་སོགས་སུ་བཀའ་ཟུར་ཟམ་གདོང་རིན་པོ་ཆེའི་འཁྲུངས་སྐར་སྲུང་བརྩི་གནང་འདུག རྡ་རམ་སཱ་ལར་བཀའ་ཟུར་ཟམ་གདོང་རིན་པོ་ཆེའི་འཁྲུངས་སྐར་སྲུང་བརྩི་གནང་སྐབས། ༡༡།༥།༢༡
མཐུན་འགྱུར་པར་རིས།/RFA

བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་དགུང་གྲངས་༨༢་སོན་པའི་འཁྲུངས་སྐར་དང་བསྟུན། འདི་ཚེས་༥་ཉིན་རྒྱ་གར་ལ་དྭགས་དང་རྡ་རམ་སཱ་ལ་གཙོས་ས་གནས་མང་པོར་ཚོགས་སྡེ་ཁག་གིས་སོ་སོར་བཀའ་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་དགུང་གྲངས་༨༢་སོན་པའི་འཁྲུངས་སྐར་སྲུང་བརྩི་གནང་ཡོད་པ་དང་། ལ་དྭགས་སུ་ཝར་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་སློབ་ཟུར་ཚོགས་པས་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་དགུང་གྲངས་གྱ་གཉིས་ལ་ཕེབས་པའི་སྐུའི་འཁྲུངས་སྐར་ལ་དྭགས་སུ་ཐེངས་དང་པོ་སྲུང་བརྩི་གནང་སྐབས། མཛད་སྒོར་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས་ཕེབས་ནས་གཏམ་བཤད་གནང་ཡོད་པ་དང་། ལ་དྭགས་པ་རྒྱ་གར་མི་སེར་ཚོས་བོད་མི་སྐྱབས་བཅོལ་བར་བོད་ཀྱི་སྐད་དང་རིག་གཞུང་ཐད་སྐྱབས་བཅོལ་དགོས་པ་ཞིག་ ཆགས་པའི་སྐབས་སུ། བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་ཡིས་སྐད་དང་རིག་གཞུང་ཐད་ལ་དྭགས་ཡུལ་མི་ཚོར་ཕན་ཐོགས་ཆེན་པོ་བྱུང་བ་གསུངས་ཡོད་པ་རེད།
ལ་དྭགས་ཝར་ཎ་སློབ་ཟུར་ཚོགས་ཆུང་གི་ཚོགས་གཙོ་རྒན་ངག་དབང་ཡེ་ཤེས་ལགས་ཀྱིས། ཁོང་ཚོའི་ངོས་ནས་ཚོགས་ཆུང་ཟུར་བཙུགས་ཀྱིས་ཟམ་གདོང་རིན་པོ་ཆེ་ཡི་གྱ་སྟོན་འཁྲུངས་སྐར་དེ་༢༠༡༩་ལོ་ནས་གྲ་སྒྲིག་བྱས་ཀྱང་ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་པས་འཆར་གཞི་ལྟར་བྱུང་མེད་པ་དང་། ད་ལན་དགུང་ལོ་༨༢་ལ་ཕེབས་པའི་སྐབས་འཁྲུངས་སྐར་སྲུང་བརྩི་བྱེད་དོན་ནི། ཟམ་གདོང་རིན་པོ་ཆེ་ཡིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཙམ་མ་ཟད། ལ་དྭགས་གཙོས་ཧི་མ་ལ་ཡའི་རི་རྒྱུད་ཁུལ་གྱི་སྤྱི་ཚོགས་ནང་སྐད་ཡིག་རིག་གཞུང་དང་ཤེས་ཡོན་ཐད་ཕན་ཐོགས་རྒྱ་ཆེན་བྱུང་ཡོད་པ་ཟད། ༧གོང་ས་མཆོག་གི་བཀའ་དགོངས་ཐོག་ཤར་བསྐྱོད་གནང་མཁན་ཞིག་ཡིན་པའི་ཆ་ནས་ད་རེས་ལ་དྭགས་སུ་འཁྲུངས་སྐར་སྲུང་བརྩི་གནང་བ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
མཛད་སྒོའི་ཐོག་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས་གཙོས། ལ་དྭགས་ནང་ཚོགས་ཀྱི་དབུ་སྐྱོང་སྐུ་ཞབས་ཐུབ་བསྟན་ཚེ་དབང་ལགས་དང་། ལ་དྭགས་དགོན་པ་ཡོངས་ཀྱི་ཚོགས་འདུའི་དབུ་སྐྱོང་དགེ་བཤེས་སྒྲུབ་བྱམས་པ་ལགས། ལ་དྭགས་གླེ་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན་གྱི་སྐུ་ཚབ། ལ་དྭགས་བསོད་ནམས་གླིང་གཞིས་འགོའི་སྐུ་ཚབ། ལ་དྭགས་བོད་ཁྱིམ་གྱི་སློབ་སྤྱི་བཅས་སྐུ་མགྲོན་དུ་ཕེབས་འབྲེལ་ཡོད་ཟམ་གདོང་རིན་པོ་ཆེ་ཡི་མཛད་འཕྲིན་དང་འབྲེལ་གཏམ་བཤད་གནང་ཡོད་པ་རེད།

ladakh.JPG
དེ་བཞིན་ཚེས་༥་ཉིན་བཞུགས་སྒར་རྡ་རམ་སཱ་ལའི་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཚོགས་ཁང་དུ། རྡ་རམ་སཱ་ལ་ཁུལ་གྱི་ཝཱ་ཎ་སློབ་ཟུར་ཚོས་ཟམ་གདོང་རིན་པོ་ཆེ་ཡི་འཁྲུངས་སྐར་སྲུང་བརྩིའི་མཛད་སྒོ་ཞིག་ཚོགས་སྐབས། ཝཱ་ཎ་སློབ་ཟུར་དང་འཁྲུངས་སྐར་མཛད་སྒོ་གོ་སྒྲིག་གནང་མཁན་དངོས་གྲུབ་བསྟན་པ་ལགས་ནས་ཟམ་གདོང་རིན་པོ་ཆེ་ལ་མཚོན་ན་བོད་ཀྱི་ཆོས་དང་རིག་གཞུང་ཐད་རླབས་ཆེན་ཀྱི་མཛད་པ་འཕྲིན་ལས་བསྐྱངས་གནང་ཡོད་པ་དང་། ལྷག་པར་དུ་ཝཱ་ཎ་སློབ་ཟུར་ཚོར་མཚོན་ན་རིན་པོ་ཆེའི་ཕུགས་རྒྱང་རིང་བོའི་དགོངས་གཞིའི་འོག་ནས་སློབ་གཉེར་གནང་ཐུབ་པ་སོགས་ཀྱིས་འཁྲུངས་སྐར་མཛད་སྒོ་དེ་ལྟ་བུ་ཞིག་གོ་སྒྲིག་བྱས་པ་ཡིན་སྐོར་བརྗོད་བྱུང་།
གཞན་རྡ་རམ་སཱ་ལའི་ཡོངས་གླིང་སློབ་གྲྭ་རུ་ཧིན་བོད་མཛའ་འབྲེལ་ཚོགས་པ་དང་། དབུས་གཙང་ཆོལ་ཁ། མདོ་སྨད་ཆོལ་ཁ། རྒྱལ་སྤྱིའི་དབུ་མའི་ལམ་དང་། ས་གནས་བུད་མེད་ཚོགས་པ་བཅས་ནས་འཁྲུངས་སྐར་སྲུང་བརྩིའི་མཛད་སྒོ་ཞིག་ཚོགས་སྐབས། སྐུ་མགྲོན་གཙོ་བོ་ཧི་མ་ཅཱལ་མངའ་སྡེའི་ཡུལ་སྐོར་བློན་ཆེན་ཟུར་བ་དང་དམག་སྤྱི་ཟུར་བ་སྐུ་ཞབས་ཝེཇེའི་སེང་མན་ཀི་ཌི་ཡ་མཆོག་ཕེབས་ནས། ཟམ་གདོང་རིན་པོ་ཆེ་ནི་མཁས་མཛངས་གཉིས་ལྡན་གྱི་མི་སྣ་ཞིག་ཡིན་པ་དང་། ཁོང་གི་ལམ་སྟོན་ནི་དུས་རྟག་ཏུ་ཡང་དག་པ་ཆགས་ཡོད་པ་པས། བོད་མི་ཙམ་མ་ཡིན་པར་རྒྱལ་ཁབ་འདིར་ཡོད་པའི་མི་སེར་ཚང་མ་ཁོང་གི་ལམ་སྟོན་བཞིན་འགྲོ་ཐུབ་པ་ཡིན་ན་ཡག་པོ་ཡོད་སྐོར་གསུངས་སོང་ལ་སྐབས་དེར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱང་སྐུ་མགྲོན་དུ་ཕེབས་ཡོད་པ་རེད།
ད་དུང་འཁྲུངས་སྐར་སྲུང་བརྩི་དང་འབྲེལ་བཞུགས་སྒར་རྡ་རམ་སཱ་ལའི་ཉེ་འགྲམ་དུ་ཡོད་པའི་དཔལ་གསང་ཆེན་སྟོད་རྒྱུད་གྲྭ་ཚང་དུ་ཡང་། ཟམ་གདོང་རིན་པོ་ཆེ་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་དང་འབྲེལ་བའི་བཀའ་དྲིན་རྗེས་དྲན་མདོ་ལུགས་ཀྱི་བརྟན་བཞུགས་འདེགས་འབུལ་དང་། ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་རྩོམ་གླེགས་བམ་དགུ་པ་དང་། ནང་པ་སངས་རྒྱས་པའི་བསྟན་པའི་རྣམ་གཞག་གཉིས་བཅས་དེབ་གཉིས་དབུ་འབྱེད་གནང་བ་དང་། གཞན་ཡང་ཝ་ཎཱ་སློབ་ཟུར་ཚོགས་པ་ནས་ཟམ་གདོང་རིན་པོ་ཆེ་མཆོག་གི་སྐུ་ཚེའི་མཛད་རྗེས་ཁག་ཕྱོགས་བསྒྲིགས་བྱས་པའི་བོད་ཀྱི་ཉེ་རབས་ལོ་རྒྱུས་སྐོར་གྱི་དཔེ་དེབ་ཅེས་པ་ཞིག་དབུ་འབྱེད་གནང་སོང་། དཔེ་དེབ་དེའི་ནང་གཙོ་བོ་ཟམ་གདོང་རིན་པོ་ཆེ་མཆོག་བཀའ་བློན་ཁྲི་པ་ཡིན་སྐབས་ཀྱི་གསུང་བཤད་གལ་ཆེན་ཁག་ཅིག་ཕྱོགས་བསྒྲིག་གནང་ཡོད་པ་རེད་འདུག
ཟམ་གདོང་བློ་བཟང་བསྟན་འཛིན་མཆོག་ནི། ཕྱི་ལོ་༡༩༣༩་ལོར་བོད་མདོ་ཁམས་འཇོལ་ནགས་འབྲུག་ཏུ་ཡབ་མགོན་པོ་བསོད་ནམས་དང་ཡུམ་པདྨ་མཁའ་འགྲོ་གཉིས་ཀྱི་རིགས་ཀྱི་སྲས་སུ་ཞིང་པའི་ཁྱིམ་དུ་སྐུ་འཁྲུངས་ཤིང་། དགུང་ལོ་ལྔར་ཕེབས་སྐབས་ཟམ་གདོང་སྐུ་ཕྲེང་བཞི་པའི་ཡང་སྲིད་དུ་ངོས་འཛིན་གྱིས་འཇོལ་དགའ་ལྡན་བདེ་ཆེན་གླིང་དུ་ཁྲི་འདོན་ཞུས་གནང་ཡོད་པ་རེད། ཕྱི་ལོ་༡༩༥༩་ལོར་རྒྱ་གར་དུ་བཙན་བྱོལ་དུ་ཕེབས་འབྱོར་གནང་སྟེ་ཕྱི་ལོ་༡༩༦༡་ལོ་ནས་སིམ་ལ་གཏན་སློབ་ཀྱི་བོད་དགེ་དང་ཆོས་དགེ ཕྱི་ལོ་༡༩༧༡་ནས་བཟུང་མི་ལོ་བཅུ་ཕྲག་གསུམ་ལ་ཉེ་བར་ཝཱར་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་ཁང་གི་སློབ་སྤྱི་དང་ངེས་སྟོན་པའི་མཛད་འགན་བཞེས་གནང་ཡོད་པ་དང་། ཕྱི་ལོ་༡༩༩༡་དང་༡༩༩༦་བཅས་སོ་སོར་བོད་མི་མང་སྤྱི་འཐུས་གནང་བ་དང་། དེ་བཞིན་ཕྱི་ལོ་༢༠༠༡་དང་༢༠༠༦་ལོ་བཅས་སུ་མི་མང་གི་འདེམས་ཐོན་བཞིན་བཙན་བྱོལ་གཞུང་གི་བཀའ་བློན་ཁྲི་བའི་འགན་བཞེས་གནང་ཡོད་པ་རེད།

གསར་འགོད་པ། འཕྲིན་ལས་ཆོས་སྒྲོན། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་ཕྱིའི་རོགས་དངུལ་ཡོང་ཕྱིར་ཅུང་ངང་སྲིང་དགོས་པ་གནས་ཆུང་ཆོས་རྒྱལ་ནས་བཀའ་ལུང་ཕེབས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་ཆི་ཁ་གྷོ་སྒྱུ་རྩལ་བསྟི་གནས་ཁང་གིས་དུས་རབས་བཅུ་གཉིས་པའི་སྐབས་ཀྱི་སངས་རྒྱས་ཀྱི་སྐུ་བརྙན་ཞིག་བལ་ཡུལ་དུ་ཕྱིར་སློག་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎