བོད་ཆུ་བྱང་འདྲེན་གྱི་ལས་གཞི་ལག་བསྟར་བྱེད་འཐུས་མིན་གོ་བསྡུར་བྱས་འདུག
2017.08.11
ཤར་ཏུར་ཀུ་སི་ཐན་གྱི་རྒྱལ་སར་བོད་ཀྱི་གཙང་ཆུ་ས་བབ་དམའ་ཞིང་ཐན་སྐྱོན་ཆེ་བའི་ཤིན་ཅང་ལ་འདྲེན་རྒྱུའི་ལས་གཞི་དེ་ལག་བསྟར་བྱེད་འཐུས་མིན་གོ་བསྡུར་བྱས་འདུག
སྤྱི་ཟླ་ ༧ ་པའི་སྨད་དུ། ཆེད་མཁས་རིག་པ་བ་ ༢༠ ་ལྷག་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་སམ་ཤར་ཏུར་ཀུ་སི་ཐན་གྱི་རྒྱལ་ས་ཨོ་རོམ་ཆི་རུ་འཛོམས་ནས། མདོ་དབུས་མཐོ་སྒང་མདོ་སྨད་མཚོ་སྔོན་པོ་ནས་གཙང་ཆུ་ས་བབ་དམའ་ཞིང་ཐན་སྐྱོན་ཆེ་བའི་ཤིན་ཅང་ས་ཁུལ་དུ་འདྲེན་རྒྱུའི་ལས་གཞི་དེ་ལག་བསྟར་བྱེད་འཐུས་མིན་ཐད་གོ་བསྡུར་བྱས་ཡོད་པ་དང་། ཤིན་ཅང་ནོར་དཔལ་སློབ་ཆེན་གྱི་དགེ་རྒན་ཆེན་པོ་རིན་ཆོང་ལུ(Ren Qionglu)་ཟེར་བས་རྒྱ་ནག་གཞུང་འབྲེལ་གོ་ལའི་དུས་བབ་གསར་ལས་ཁང་ལ། ཡར་ཀླུང་གཙང་པོས་ཆུ་མེད་མྱ་ངམ་ཐང་ཆེན་པོ་ཞིག་སྔོ་ལྗང་སྤང་ལྗོངས་དང་ཞིང་སར་བསྒྱུར་ཐུབ་ཅིང་། ཤར་ཕྱོགས་ས་ཁུལ་གྱི་མི་འབོར་ཀྱི་གནོན་ཤུགས་ཇེ་ཡང་དུ་གཏོང་ཐུབ་པ་མ་ཟད། གཙང་པོའི་སྨད་རྒྱུད་ཀྱི་ཆུ་ལོག་གི་ཉེན་ཁ་ཡང་ཇེ་ཆུང་དུ་གཏོང་ཐུབ། ཤིན་ཅང་གི་ས་ཁྱོན་ན་སྤྱི་ལེ་གྲུ་བཞི་མ་ཁྲི་ ༡༡༠ ་ཡོད་ལ། དེ་ནི་རྒྱ་ནག་ཤར་ཕྱོགས་ཀྱི་ས་རྒྱ་དང་གཅིག་མཚུངས་ཡིན། ཡིན་ན་ཡང་ཆུ་དཀོན་པོ་ཡིན་པས་ཆུས་ཁྱབ་ཚད་ནི་སྤྱི་ལེ་གྲུ་བཞི་མ་ ༧ ་ལས་མེད། གལ་ཏེ་བྱེ་ཐང་དེ་དག་སྤང་ལྗོངས་སུ་བསྒྱུར་ཐུབ་ཚེ། རྒྱ་ནག་གཞན་པ་ཞིག་གསར་གཏོད་བྱེད་ངེས་ཡིན་ཞེས་སོགས་བརྗོད་འདུག
བོད་ཆུ་བྱང་འདྲེན་གྱི་བསམ་བློའི་འཆར་བཀོད་དེ་བཟོ་བཀོད་པ་དང་རིག་པ་བ་མང་པོའི་སེམས་ལ་འཁོར་ནས་ལོ་བཅུ་ཕྲག་ཕྱིན་པ་རེད། ཡིན་ན་ཡང་རིག་པ་བ་མང་པོ་ཞིག་གིས་བོད་ཆུ་བྱང་འདྲེན་གྱི་ལས་གཞི་དེས་རང་བྱུང་ཁོར་ཡུག་ལ་གནོད་འཚེ་ཆེན་པོ་ཐེབས་རྒྱུར་ཡིད་ཆེས་དང་ཐུགས་ཁུར་གནང་བཞིན་ཡོད། དཔེར་ན་རྒྱ་ནག་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་མེས་ཞིན་ཡུས་(Mei Xinyu)་ལགས་ཀྱིས་གོ་ལའི་དུས་བབ་ལ། རང་བྱུང་ལ་འགྱུར་བ་གཏོང་འདོད་ཀྱི་འཆར་བཀོད་ཡོད་ཚད་མི་རུང་བའི་ལས་ཡིན་ལ། གལ་ཏེ་བོད་ཆུ་བྱང་འདྲེན་གྱི་ལས་གཞི་འདི་ལག་བསྟར་བྱས་ཚེ། ལས་གཞི་དེས་རྒྱལ་ཁབ་ལ་གནོད་འཚེ་ཆེན་པོ་བཟོ་ངེས་ཡིན་པས། ངས་དུས་དང་རྣམ་པ་ཀུན་ཏུ་ངོ་རྒོལ་བྱེད་ཀྱིན་ཡོད་ཅེས་བརྗོད་འདུག
དུས་རབས་ཉེར་གཅིག་པའི་མགོ་ནས་བཟུང་རྒྱ་ནག་གཞུང་གིས་ནུབ་རྒྱུད་གསར་སྤེལ་ཆེན་མོ་ཞེས་པའི་སྲིད་ཇུས་ཤིག་བཏོན་ནས་བོད་ཆུ་བྱང་འདྲེན་ཐེ་བའི་ལས་གཞི་གཞི་རྒྱ་ཆེན་པོ་མང་པོ་ཞིག་གི་མགོ་བརྩམས་པ་རེད། ལྷག་པར་དུ་བོད་ཀྱི་ཡར་ཀླུང་གཙང་པོ་དང་སྐྱིད་ཆུ་སོགས་རྒྱ་ནག་ནུབ་བྱང་ས་ཁུལ་དུ་འདྲེན་རྒྱུའི་འཆར་གཞི་སོགས་བཀོད་པར། རྒྱ་རིགས་ཆེད་མཁས་རིག་པ་བ་དང་ཕྱི་རྒྱལ་གྱི་ཆེད་མཁས་པའི་ངོ་རྒོལ་མཐའ་གཅིག་ཏུ་བྱས་ཡོད་པ་རེད།
གསར་འགོད་པ་སྟག་ལྷ་རྒྱལ།